ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་གོའི་ལོ་གཞོན་མང་པོ་ལོ་རེ་བཞིན་ཨ་རིར་གནས་སྤོར་གྱིན་འདུག

2015-05-13

ཀྲུང་གོ་ནས་ཐོན་པའི་སློབ་མས་ཕྱི་རྒྱལ་སློབ་མ་ཡོངས་ཀྱི་བརྒྱ་ཆའི་སུམ་ཅུ་ཟིན་འདུག

ཨ་རིའི་མི་གྲངས་ཡོངས་བཤེར་ཅུས་ཀྱི་གཞི་གྲངས་གསར་པར་གཞིགས་ན། ཀྲུང་གོ་དང་རྒྱ་གར་གཉིས་ཁྱིམ་མཚེས་རྒྱལ་ཁབ་མོ་ཞི་ཁོ་ལས་བརྒལ་ནས་མི་འབོར་དེ་ལས་མང་པོ་ཨ་རིར་གནས་སྤོར་བྱེད་སྒང་རེད། དེ་ལས་ལྡོག་སྟེ། ལ་ཏིང་མེ་གླིང་དུ་མོ་ཞི་ཁོ་གཙོར་བྱས་པའི་བྱང་གི་གནས་སྤོར་མཁན་ནི་ལོ་ངོ་བཅུའི་རིང་ཇེ་ཉུང་དུ་འགྲོ་བཞིན་འདུག དེ་བས་ན། མི་གང་དག་ཨ་རིར་ཐོན་འདུག་ཅེས་ན། བརྟག་དཔྱད་གཞི་གྲངས་རྐྱང་པར་གཞིག་ནས་བརྡར་ཤ་ཡང་དག་ཅིག་གཅོད་དཀའ་མོད། ཀྲུང་གོའི་ཕྱོགས་ནས་ཐོན་པའི་སློབ་མ་དང་། ལོ་ན༢༠སོན་པའི་རྒྱ་གར་གྱི་ལས་ཀ་པ་དག་ནི་གཙོ་བོར་གྱུར་ཡོད་པ་རིགས་འདེད་བྱེད་ཐུབ།

ཝར་ཁྲོམ་གཞུང་ཉིན་ཚགས་ཀྱིས་ཟླ༥པའི་ཚེས༡༡ཉིན་བཀོད་པ་ལྟར་ན། ཟླ་འདིར་ཨ་རིའི་མི་གྲངས་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུས་བསྒྲགས་པའི་མི་གྲངས་ཞིབ་འཇུག་གི་གཞི་གྲངས་དེ། ༢༠༠༥ལོ་དང་༢༠༠༧ལོ་གཉིས་དང་བསྡུར་ན། ༢༠༡༡ལོ་ནས༢༠༡༣ལོའི་བར་ཨ་རིར་གཞི་སྡོད་བྱེད་མཁན་ཀྲུང་གོའི་གནས་སྤོར་མཁན་དག་གི་ལོ་ཚོད་ནི་སློབ་ཆེན་པའི་ལོ་ཚོད་ཀྱིས་མང་པོ་ཟིན་འདུག

བརྟག་དཔྱད་འདིའི་གཞི་གྲངས་ནི་ཨ་རིའི་སྡོད་ཁུལ་དག་གི་བརྟག་དཔྱད་ལས་ཐོན་པ་ཡིན་ལ། གལ་ཏེ་བཅར་འདྲི་བྱ་ཡུལ་དག་ཕྱི་རྒྱལ་དུ་སྐྱེས་ཤིང་། ལོ་གཅིག་གི་ཡར་སྔོན་དུ་ཕྱི་རྒྱལ་དུ་གཞི་སྡོད་བྱས་པ་ཡིན་ཚེ བརྟག་དཔྱད་ཁྲོད“གནས་སྤོ་བར”ངོས་འཛིན་བྱས་ཡོད།

ཡོངས་བཤེར་ལྟར་ན། ༢༠༠༥ནས༢༠༠༧ལོ་དང་༢༠༡༡ནས༢༠༡༣ལོའི་དུས་རིམ་གཉིས་བསྡུར་ན། ཕོ་མོ་གང་ཡིན་རུང་། འཕར་ཚད་མགྱོགས་ཤོས་ནི་ལོ༡༥ནས༡༩ཅན་དང་། ༢༠ནས༢༤ཅན་དག་རེད།

ལོ་ཚོད་རིམ་པ་འདི་གཉིས་ནི་སློབ་ཆེན་དུ་ཞུགས་གྲབས་ཡོད་པའང་མཐོ་རིམ་སློབ་གསོ་མྱོང་སྒང་གི་ལོ་ཚོད་དང་འཁེལ་ཡོད་པ་རེད། དེ་ལྟར་ནའང་། ཀྲུང་གོའི་ལོ་གཞོན་མང་ཤོས་ནི་ཨ་རིར་སློབ་ཆེན་དུ་ཞུགས་པར་གནས་སྤོ་བྱས་པ་མིན་པར་ཡོང་འབབ་དམའ་བའི་ལས་ཀ་གཉེར་རྒྱུ་དང་། ལས་རིགས་གཞན་དག་གཉེར་ཆེད་ཡིན་ཀྱང་སྲིད།

ཚོད་དཔག་འདི་ནི་ཤིན་ཏུ་ལུགས་དང་མཐུན་པ་ཞིག་སྟེ། ཨ་རིའི་གཞུང་ས་བདེ་སྲུང་སྡེ་ཚན་གྱིས་ཟླ༣པའི་ཟླ་མཇུག་ཏུ་བསྒྲགས་པའི་སྙན་ཞུ་ཤིག་ཏུ། ཨ་རིའི་སློབ་ཆེན་ཁག་གིས་ཕྱི་རྒྱལ་གྱི་སློབ་མ་བསྡུ་གྲངས་ཀྱིས་ཟིན་ཐོ་གསར་པ་བསྐྲུན་ཡོད་དེ། དེའི་ཁྲོད་ཀྲུང་གོའི་སློབ་མ་འབྱོར་ཅན་ཡང་མང་པོ་འདུས་ཡོད་པ་རེད། ཨ་རིར་སློབ་གཉེར་བྱེད་མཁན་ཕྱི་རྒྱལ་གྱི་སློབ་མ་མང་ཤོས་ནི་སློབ་ཆེན་འདོན་མཁན་ཡིན་ལ། དེ་དག་གི་གྲངས་ཚད་ནི༢༠༡༠ལོ་ལས་བརྒྱ་ཆའི་ལྔ་བཅུར་ཉེ་བ་འཕར་ཡོད་པ་དང་། ༢༠༠༥ལོ་ནས་བརྒྱ་ཆའི་གྱ་ལྔར་འཕེལ་ཡོད་པ། ཀྲུང་གོའི་སློབ་མས་ཕྱི་རྒྱལ་སློབ་མ་ཡོངས་ཀྱིས་བརྒྱ་ཆའི་སུམ་ཅུ་ཟིན་ཡོད།

རྒྱ་གར་གྱི་གནས་ཚུལ་ནི་དེ་དང་ཅུང་མི་འདྲ་སྟེ། ཡོངས་བཤེར་ལྟར་ན། གོང་གསལ་དུས་རིམ་དེ་གཉིས་སུ། རྒྱ་གར་ཕྱོགས་ཀྱི་གནས་སྤོ་བའི་ལོ་ཚོད་ཧ་ལམ་འདྲ་སྟེ། རྒྱ་གར་ནས་ཨ་རིར་གནས་སྤོ་བྱེད་མཁན་དག་ལོ་ན༢༠ནས་༣༤ཡི་བར་ཡིན་ལ། ལྷག་པར་དུ་ལོ་ན༢༥ནས༢༩བར་ཅུང་མང་། མི་འདི་དག་ཐད་ཀར་ཨ་རིའི་ཕྱོགས་ཀྱི་ལས་ཀར་ཞུགས་མཁན་ནམ། ཞིབ་འཇུག་སློབ་མའི་ཡོན་གནས་སློབ་གཉེར་བྱེད་མཁན་རེད་འདུག

རྒྱ་གར་གྱི་གནས་སྤོར་བ་ཁ་ཤས་ལ་ཨ་རིའི་ཕྱོགས་ཀྱི་H1Bཆེད་ལས་མི་སྣའི་འཐུས་མཆན་ལག་ཁྱེར་གནང་ཡོད་པ་རེད། H1Bའཐུས་མཆན་ལག་ཁྱེར་ནི་ཨ་རིའི་ལས་རིགས་ཕྱོགས་ཀྱི་འཐུས་མཆན་ལག་ཁྱེར་གཙོ་བོ་ཡིན་ལ། ཨ་རིའི་ཀུང་སིར་ལས་ཀ་བྱེད་མཁན་ཕྱི་རྒྱལ་གྱི་ཆེད་ལས་ལག་རྩལ་མི་སྣར་སྟེར་པ་རེད། དེ་ལྟར་ནའང་། ཨ་རིའི་སྦྱིན་བདག་རྣམས་ཀྱིས་འཐུས་མཆན་ལག་ཁྱེར་གྱི་དགོས་མཁོ་ནི་རྒྱལ་ཚོགས་ཀྱིས་ལོ་རེར་ཆོག་མཆན་ཐོབ་པའི་བགོ་བྱའི་བཅད་འབོར་ལས་བརྒལ་ཡོད་འདུག

ཡོངས་བཤེར་གྱིས་རྩད་འདྲི་བྱས་པའི་ཕྱི་རྒྱལ་པ་དག་ལོ་ངོ་གཅིག་གི་ཡར་སྔོན་དུ་འདི་གར་གཞི་སྡོད་བྱས་པ་ཡིན་པས། དུས་གཏན་དུ་ཨ་རི་ནས་འགྲོ་འོང་བྱེད་མཁན་ཕྱི་རྒྱལ་པ་དག་ཡོངས་བཤེར་གཞི་གྲངས་འདི་ལས་རྩིས་གྲངས་ལེན་ཐུབ་མེད།

སྤྱི་བབ་ནས་གླེང་ན། སྡོམ་རྩིས་གྲངས་ཀ་འདི་དག་ལས། ཨ་རིར་གནས་སྤོ་བར་འགྱུར་ལྡོག་འབྱུང་སྒང་ཡིན་ལ། ཨ་རིར་གནས་སྤོར་བྱེད་མཁན་ཀྲུང་གོ་བ་དང་། རྒྱ་གར་བ། ལྷོ་ཁོར་རི་ཡ་སྔར་ལས་མང་པོ་ཡོད་པ་དང་། ཐ་ན་གླིང་ཆེན་ཨ་ཧྥེ་རི་ཁའི་མི་དེ་ལས་མང་པོ་ཡོད་པ་ལས། ལ་ཏིང་མེ་གླིང་དང་། ཡོ་རོབ་ཀྱི་གནས་སྤོ་བ་རིམ་བཞིན་ཇེ་ཉུང་དུ་འགྲོ་བཞིན་པ་གསལ་པོར་རྟོགས་ཐུབ།

འབྲེལ་ཡོད་རྩོམ་ཡིག