ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་གོ་དང་རྒྱ་གར་བར་ཨ་སྒོར་དུང་ཕྱུར ༢༢༠ ཚོང་ལས་ཆིངས་ཡིག་བཞག

2015-05-20

རྒྱ་གར་གྱི་ཙུང་ལི་མོ་ཏི་ཧྲང་ཧེ་རུ“ཀྲུང་གོ་དང་རྒྱ་གར་གྱི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས”སུ་ཞུགས་པ་མ་ཟད་གཏམ་བཤད་སྤེལ།

ཤིན་ཧྭ་གསར་འགྱུར་ཁང་གིས་ཚེས ༡༦ ཉིན་བསྒྲགས་པ་ལྟར་ན། རྒྱ་གར་གྱི་ཙུང་ལི་མོ་ཏི་རེབ་འདིའི་ཀྲུང་གོའི་འཚམས་འདྲིར་ཕེབས་ཡུལ་མཐའ་མ་ཧྲང་ཧེ་རུ་ཀྲུང་གོ་དང་རྒྱ་གར་ཁེ་ལས་བར་གྱི་སྤྱི་འབོར་ཨ་སྒོར་དུང་ཕྱུར ༢༢༠ ཡི་མཉམ་འབྲེལ་ལས་སྒོར་ཆིངས་ཡིག་འགོད་པའི་མཛད་སྒོར་ཞུགས།

ཀྲུང་གོའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྐུལ་སྤེལ་ཨུ་ལྷན་དང་རྒྱ་གར་གྱི་ཀྲུང་གོའི་གཞུང་ཚབ་ཁང་གཉིས་ཀྱིས་བསྡུས་པའི་“ཀྲུང་གོ་དང་རྒྱ་གར་གྱི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས”སྟེང་། ཀྲུང་གོ་དང་རྒྱ་གར་གྱི་ཁེ་ལས་ཀྱིས་ནུས་ཁུངས་དང་། དཔལ་འབྱོར་ཉོ་ཚོང་། དངུལ་རྩ། བཟོ་ལས་ས་ཁུལ་འཛུགས་བསྐྲུན་སོགས་མཉམ་འབྲེལ་ལས་སྒོ༢༠ལྷག་ལ་ཆིངས་ཡིག་བཞག་ཅིང་སྤྱི་འབོར་ཨ་སྒོར་དུང་ཕྱུར༢༢༠ཟིན་འདུག

མོ་ཏི་ཡིས་གཙོ་ཁྲིད་གཏམ་བཤད་སྤེལ་དུས། དཔལ་འབྱོར་ཉོ་ཚོང་མཉམ་འབྲེལ་བྱས་པ་དེས་རྒྱ་གར་དང་ཀྲུང་གོ་ཕྱོགས་གཉིས་སྔར་བས་ཐུན་མོང་སྒོས་འཕེལ་རྒྱས་ཡོང་ཐུབ་པ་དང་། རྒྱ་གར་ཕྱོགས་ནས་སྲིད་བྱུས་ལ་སྔར་བས་འགྱུར་བ་གཏོང་པ་དང་། ཁོར་ཡུག་ལེགས་བཅོས་བྱས་ཐོག་ཀྲུང་གོའི་ཁེ་ལས་ཀྱིས་རྒྱ་གར་ནས་ཚོང་དོན་ལས་སྒོ་སྤེལ་བར་སྟབས་བདེ་བསྐྲུན་རྒྱུ་ཡིན་ཟེར།

༢༠༡༤ལོའི་ཟླ༩པར་ཀྲུའུ་ཞི་ཞིས་ཅིན་ཕིང་རྒྱ་གར་དུ་འཚམས་འདྲིར་ཕེབས་རིང་། ཧྲང་ཧེ་དང་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཤོས་མིན་མེ་དབར་མཛའ་མཐུན་གྲོང་ཁྱེར་སྒྲིག་པའི་ཆིངས་ཡིག་བཞག་པ་དང་། མོ་ཏི་ནས་ཕྱིས་འབྱུང་རྒྱ་གར་དང་ཀྲུང་གོའི་ཕྱོགས་ནས་ས་གནས་ངོས་ཐད་ཀྱི་འབྲེལ་འདྲིས་དང་མཉམ་ལས་སྔར་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་རྒྱུས་ལོན་གཏིང་ཟབ་ཡོང་པར་སྐུལ་འདེད་བྱེད་དགོས་པའི་དགོངས་འཆར་བཏོན།

མོ་ཏི་འཁོར་བཅས་ཚེས༡༥ཉིན་གྱི་དགོང་མོར་པེ་ཅིང་ནས་ཧྲང་ཧེར་སླེབས་པ་ཡིན་ལ། ཚེས༡༦ཉིན་གྱི་དགོང་མོར་སྲིད་བློན་དུ་བཞུགས་རིང་གི་ཀྲུང་གོའི་འཚམས་འདྲི་ཐོག་མ་མཇུག་སྒྲིལ་ཏེ་ཧྲང་ཧེ་དང་ཁ་གྱེས་པ་རེད།

འབྲེལ་ཡོད་རྩོམ་ཡིག