ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཁ་པར་ནང་གློག་གསོག་ཐུབ་ངེས་པའི་གློག་འདོན་མ་ཎི་འཁོར་ལོ་སྒོར་ཐོན།

2015-05-21
བོད་ལྗོངས་ཀྱི་སློབ་ཆེན་སློབ་མས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ངོམ་བཞིན་པ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་གནས་འཕྲིན། གསར་འགོད་པས་བོད་ལྗོངས་སློབ་ཆེན་གྱི་ནུས་ཁུངས་གསར་བའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ནས་རྒྱུས་ལོན་བྱུང་བར། ཞིབ་འཇུག་ལྟེ་གནས་དེས་གློག་འདོན་ཐུབ་པའི་མ་ཎི་འཁོར་ལོ་ཞིག་བཟོས་ཡོད་པ་དང་། དེའི་སྟེང་ལ་གལ་ཏེ་གློག་བསྒྱུར་ཆས་སྤྲད་པ་ཡིན་ན་ཁ་པར་ལ་གློག་གསོག་ཐུབ་ཀྱིན་ཡོད་འདུག མ་ཎི་འཁོར་ལོ་བཟང་བོ་དེ་ཡོད་ན་གཞུང་ལུགས་སྟེང་ནས་ཁ་པར་གྱི་གློག་མི་འདང་བར་འདང་བརྒྱག་མི་དགོས་པ་དང་། ཁ་པར་མི་གློད་མཁན་དག་ལ་མཚོན་ན་ག་དུས་ཡིན་ཡང་ཕྱི་ལོག་ནས་གློག་ཟད་འགྲོ་བར་སེམས་ཁུར་བྱེད་མི་དགོས་པ་རེད།
        གློག་འདོན་ཐུབ་པའི་མ་ཎི་འཁོར་ལོ་དེའི་ཆེ་ཆུང་ནི་ང་ཚོའི་རྒྱུན་མཐོང་གི་མ་ཎི་ལག་འཁོར་དག་དང་བར་ཁྱད་ཆེན་པོ་མེད་ལ། གསུང་ཆོས་བསྐྱིས་པའི་ཆ་དེ་རྒྱུན་ལྡན་གྱི་ལག་འཁོར་དག་ལས་ཅུང་ཆེ་བ་ཡོད་ལ་གློག་འདོན་བྱེད་ཀྱི་གསང་བ་ཡང་དེ་ན་ཡོད་པ་རེད། བོད་ལྗོངས་སློབ་ཆེན་གྱི་གོ་ལའི་དངོས་ལུགས་ཞིབ་འཇུག་ཁང་གི་འགོ་གཙོ་དང་ཞིབ་འཇུག་ཚོགས་པའི་འགན་འཛིན་འབུམ་རམས་པ་ནོར་བཟང་གིས་ངོ་སྤྲོད་གནང་བར། མ་ཎི་འཁོར་སྒམ་དེའི་ནང་དུ་མ་ཏཱ་ཆུང་ངུ་ཞིག་ཡོད་པ་དང་། མ་ཎི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བའི་འགྲོས་དང་བསྟུན་ནས་གློག་བསྐྱེད་འོངས་ངེས་ལ། དེ་ནས་གློག་ཐམས་ཅད་གློག་སྣོད་ཅིག་ཏུ་གསོག་འཇོག་བྱ་ངེས། དེའི་འཕྲོར་གློག་ལམ་ཞིག་ཕྱིར་སྦྲེལ་པ་ཡིན་ན་གློག་ནུས་མཁོ་སྤྲོད་བྱེད་ཐུབ་ཀྱིན་ཡོད།
   གསར་འགོད་པས་ད་རུང་མ་ཎི་འཁོར་ལོ་དེའི་སྟེང་དུLEDཡི་གློག་ཆུང་ངུ་ཞིག་ཡོད་པ་མཐོང་། འབུམ་རམས་པ་ནོར་བཟང་གིས་དེ་ནི་མ་ཎི་འཁོར་ལོ་ཐོག་མར་འཆར་འགོད་བྱ་དུས་ལོ་ལོན་རྒན་པ་དག་གིས་ནངས་སྔ་མོར་མ་ཎི་འཁོར་ལོ་ཐོགས་ནས་ཆོས་བསྐོར་རྒྱག་སྐབས་ཀྱི་བདེ་འཇགས་དང་སྟབས་བདེ་ཡོང་བར་ཆེད་དམིགས་ཀྱིས་བཟོས་པ་ཞིག་ཡིན་ལ། ལོ་ལོན་རྒན་པ་མང་པོ་ཞིག་ནངས་སྔ་མོའི་ཆུ་ཚོད༤བ་དང༥པའི་སྐབས་སུ་ཆོས་བསྐོར་ལ་འགྲོ་བཞིན་ཡོད་ཅིང་། དེ་དུས་ནམ་ད་དུང་གསལ་མེད་པ་དང་ལམ་ཡང་བདེ་མོ་མིན་པས་ཉེན་ཁ་ཆེན་པོ་འདུག་པ་དང་། ལམ་སྐབས་སུ་འགྱེལ་སོང་ནས་རྐང་ལག་ལ་སྐྱོན་བྱུང་བའི་དོན་རྐྱེན་ཡང་མང་པོ་འདུག དེ་བས་མ་ཎི་འཁོར་ལོ་འདིས་གློག་སྒྲོན་གྱི་ནུས་པའང་འདོན་ཐུབ་པ་དང་། ལོ་ལོན་རྒན་པ་ཚོ་ཆོས་བསྐོར་ལ་སོང་ན་མ་མཐའ་ཡང་ལམ་ནས་དོན་རྐྱེན་རེ་འབྱུང་བར་སྔོན་འགོག་མི་དམན་པ་ཞིག་བྱ་ཐུབ། དེ་མིན་གློག་དམར་པོ་ཞིག་གིས་མིག་རྡེབ་བྱས་འོངས་ཐུབ་ལ་དེ་ནི་ལམ་གྱི་རླངས་འཁོར་དག་ལ་ཉེན་བརྡ་གཏོང་བྱེད་ཅིག་ཡིན་ཞིང་། དེས་ཀྱང་བསམ་ཡུལ་འདས་པའི་ཉེན་ཁ་འགོག་ཐུབ་པ་རེད་ཅེས་བཤད།
གློག་འདོན་མ་ཎི་འཁོར་ལོའི་པར་རིས།
        འབུམ་རམས་པ་ནོར་བཟང་གིས་བཤད་རྒྱུར། གཞུང་ལུགས་ཀྱི་ངོས་ནས་བཤད་ན་གལ་ཏེ་མ་ཎི་འཁོར་ལོ་དེར་གློག་བསྒྱུར་ཆས་ཤིག་སྤྲད་པ་ཡིན་ན་ཁ་པར་ནང་གློག་གསོག་ཐུབ་པ་རེད། འདིའི་ཐད་ཀྱི་ཞིབ་འཇུག་གི་ལས་ཀ་མུ་མཐུད་དུ་རྩོམ་བཞིན་ཡོད་ཟེར། ཡང་མ་ཎི་འཁོར་ལོ་འདི་གང་ཞིག་ནས་ཉོ་ཐུབ་པའི་ཐད་ཁོས་བཤད་རྒྱུར། གློག་འདོན་མ་ཎི་འདི་ལག་རྩལ་བདག་དབང་གི་ཡི་གེ་ད་སོ་མ་ལག་སོན་བྱུང་བ་ཡིན་ལ། མིག་སྔར་གྱི་ཐོན་རྫས་ནི་ལག་པས་བཟོས་པ་རྐྱང་རྐྱང་ཡིན། བོད་ལྗོངས་སློབ་ཆེན་གྱི་ནུས་ཁུངས་གསར་བའི་ཞིབ་འཇུག་ལྟེ་གནས་་ནི་ཚན་རིག་ཞིབ་འཇུག་གི་ལས་ཁུངས་ཤིག་ཡིན་པས་མང་པོ་ཐོན་སྐྱེད་ཀྱི་ནུས་པ་མེད་སྟབས། མོས་པ་ཅན་གྱི་ཁེ་ལས་ཡོད་ན་མཉམ་འབྲེལ་བྱས་ཆོག་ཆོག་ཡིན་ཟེར།
        ཟླ༥བའི་ཚེས༡༧ཉིན་ནས་ཚེས༢༤ཉིན་དབར་དུ་བོད་རང་སྐྱོང་ལྗོངས་ཀྱི༢༠༡༥ལོའི་ཚན་རྩལ་བྱ་འགུལ་གྱི་གཟའ་འཁོར་ཟེར་བ་དེ་བོད་ལྗོངས་སློབ་ཆེན་དུ་འཚོགས་པ་དང་། བོད་ལྗོངས་སློབ་ཆེན་གྱི་ལས་ཁུངས་སོ་སོའི་གསར་གཏོད་ཚོགས་པ་མང་པོས་རང་རང་གི་ཚན་རྩལ་ཞིབ་འཇུག་གི་གྲུབ་འབྲས་ངོམ་བཞིན་འདུག་ལ། བྲོ་གར་ལ་རྩེན་པའི་འཕྲུལ་ཆས་ཀྱི་མི་དང་གློག་འདོན་མཐིལ་ཤིང་། ཉི་ནུས་མཆོད་མེ་སོགས་ཚན་རྩལ་གྲུབ་འབྲས་མང་པོ་ཐོན་ཡོད་པ་དང་མི་ཚོའི་མིག་དབང་ཅིག་ཅར་དུ་འཕྲོག
འབྲེལ་ཡོད་རྩོམ་ཡིག