ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

པིན་ལཱ་ཏིན་གྱི་ཁ་ཆེམས་གསལ་རྗེན་ཏུ་བཏོན་ཡོད།

2015-05-22

ཕྱི་ཚེས ༢༠ ཉིན་ཨ་རིས་ “རྟེན་གཞི་”རྩ་འཛུགས་ཀྱི་མགོ་བ་སྔོན་མ་པིན་ལཱ་ཏིན་གྱིས་སྦས་ཡོད་པའི་ཡིག་ཆ་སྐོར་ཞིག་གི་གསང་རྒྱ་བསྒྲལ་འདུག ཡིག་ཆ་འདི་དག་ལས་པིན་ལཱ་ཏིན་ཁོ་རང་ “རྟེན་གཞི་”རྩ་འཛུགས་ནང་ཁུལ་གྱི་འཐབ་རྩོད་ལ་རེ་ཐག་གཏིང་ནས་ཆད་ཡོད་པ་དང་། རང་གི་ཆུང་མ་བསྐྱར་དུ་མནའ་མར་འགྲོ་བར་མོས་མཐུན་བྱུང་ཡོད་པ་རྟོགས་ཐུབ།

ཐད་ཀར་ཨ་རི་ལ་ཕར་རྒོལ་བྱེད་པའི་འབོད་སྐུལ་བཏང་ཡོད།

ཨ་རིའི་ཕོ་བྲང་དཀར་པོའི་བཤད་ཚུལ་ལྟར་ན། ༢༠༡༡ ལོའི་ཟླ ༥ པར་ཨ་རིའི་མཚོ་གཟིག་འཕྲལ་རྒོལ་རུ་ཁག་གིས་པིན་ལཱ་ཏིན་གྱི་སྐུང་གནས་ཏེ་ཕ་ཁི་སི་ཐན་བྱང་ཕྱོགས་ཀྱི་ཨ་པོ་ཐ་པཱ་ཌི་ཞེས་པའི་གྲོང་རྡལ་ཆུང་ངུ་དེ་ལ་འཇབ་རྒོལ་བྱས་ཤིང་། པིན་ལཱ་ཏིན་དང་ཧ་ཅང་ཐག་ཉེ་བའི་ས་ནས་ཁོའི་ཐོད་པར་མེ་མདས་བརྒྱབ་སྟེ་བསད་ཡོད་པ་དང་། ཕྱིས་སུ་ཁོའི་བེམ་པོ་འཕྲལ་དུ་ཨ་རིའི་དམག་དཔུང་ལ་སྤྲད་དེ་མཚོ་དུར་བྱས་ཡོད་འདུག

ཨ་རིའི་དམག་དཔུང་གིས་ཨ་པོ་ཐ་པཱ་ཌི་ནས་ཤོག་བུ་དང་སྒྲ་བརྙན་འདུས་པའི་ཡིག་ཆ་མི་ཉུང་བ་ཞིག་ཞིབ་བཤེར་རྩད་ཆོད་བྱུང་ཡོད་པ་དེ། ཨ་རིའི་ཁྲིམས་སྲོལ་ལྟར་ཕྱི་ཚེས་༢༠ ཉིན་ཡིག་ཆ ༡༠༣ གྱི་གསང་རྒྱ་བསྒྲལ་ཡོད། ཨ་རིའི་གསང་བའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལྟ་སྐུལ་གཞུང་ལས་ཁང་གི་བཤད་ཚུལ་ལྟར་ན། ད་དུང་ཞིབ་དཔྱད་དང་གསང་རྒྱ་བསྒྲལ་རྒྱུར་ལུས་པའི་ཡིག་ཆ་བརྒྱ་ཕྲག་དུ་མ་ཡོད་འདུག

གསང་རྒྱ་བསྒྲལ་བའི་ཡིག་ཆ་བརྒྱ་ལྷག་གི་ནང་། པིན་ལཱ་ཏིན་གྱིས“འཕྲིན་ལས” གང་ལྟར་ལེགས་པོར་སྐྱོང་དགོས་ཚུལ་གྱི་སྐད་ཆ་བྲིས་ཡོད་ལ། རང་གི་ཆོས་ལུགས་དད་མོས་ལ་བསྟོད་བསྔགས་ཀྱི་ཚིག་སྦྱོར་ཕུན་སུམ་ཚོགས་པོ་ཀྱང་ཡོད། པིན་ལཱ་ཏིན་གྱིས་ཐད་ཀར་ཨ་རི་ལ་ཕར་རྒོལ་བྱེད་པ་དང་། ཕར་རྒོལ་བྱས་པ་བརྒྱུད་ “ཨ་རི་ལ་དཀའ་ངལ་ཡོད་པ་ཤེས་སུ་བཅུག་ནས་ཕྱིར་བཤོལ་བྱེད་དུ་འཇུག་པ་དང་། དབྱི་སི་ལན་གྱི་ལས་དོན་ཁག་ལ་ཇུས་གཏོགས་མི་ཡོང”བའི་འདོད་པ་བཅངས་ཡོད། ཁོས་ད་དུང“དབྱི་སི་ལན་གྱི་ཆོས་སྤེལ་དམག་དཔུང”གིས་དབྱི་སི་ལན་རྒྱལ་ཁབ་གཟུག་རྒྱུའི་འདུན་པ་འདོར་དགོས་པ་དང་། ཨེ་ཤེ་ཡ་ཤར་མའི་དབུས་རྒྱུད་རྒྱལ་ཁབ་ཁག་དང་དམག་དཔུང་དང་དགྲ་ཟླར་མི་ལངས་རྒྱུ། ཐ་ན་ནང་འཁྲུག་ལངས་པས་ཀྱང་དམིགས་ཡུལ་གཙོ་བོ་སྟེ་ཨ་རི་ལ་ཕར་རྒོལ་བྱེད་པར་གནོད་པ་ཡོད་ཚུལ་བཤད་ཡོད།

“རྟེན་གཞི”འི་ནང་འཁྲུག་ལ་རེ་ཐག་གཏིང་ནས་ཆད་ཡོད།

འཕྲལ་རྒོལ་དམག་གིས་ཨ་པོ་ཐ་པཱ་ཌི་ལ་འཇབ་རྒོལ་མ་བྱས་སྔོན་གྱི་ལོ་འགའི་ནང་། “རྟེན་གཞི་”ནང་ཁུལ་གྱི་འགལ་བ་ཚབས་ཇེ་ཆེར་གྱུར་ཡོད།

ཨ་གྷན་གྱི་ཐཱ་ལི་པན་སྲིད་དབང་མགོ་རྟིང་བསློགས་རྗེས། ཨ་རི་ཕྱོགས་ཀྱི་མི་མེད་གནམ་གྲུས་དུས་རྒྱུན་དུ་ཕ་ཁི་སི་ཐན་གྱི་ས་ཁུལ་ཁག་དུ་ “རྟེན་གཞི་”ལ་དམིགས་པའི་མཁའ་རྒོལ་བྱ་འགུལ་བསླངས་ཡོད་ཅིང་། དབྱི་རག་གི་ཡན་ལག“རྟེན་གཞི”ལ་གནོན་ཤུགས་ཆེན་པོའི་འོག་དཀའ་ངལ་ལ་འཕྲད་ཡོད།

དེ་ལས་ལྡོག་པར། མཐའ་རུ་ལུས་ཡོད་པའི་ཡན་ལག་གི་“རྟེན་གཞི་” སྟེ་དཔེར་ན་ཡེ་མན་དང་ཨ་ཧྥེ་རི་ཁ་བྱང་མའི་ཡན་ལག་“རྟེན་གཞི་”དག་ནི་དར་མགོ་བརྩམས་ཡོད། ཡེ་མན་གྱི་ཡན་ལག་“རྟེན་གཞི་”དེས་ཨ་རབ་ཕྱེད་གླིང་རྩ་འཛུགས་བྱས་པ་ནས་བཟུང་། ཨ་རི་ཕྱོགས་ཀྱིས་དེ་ནི་ཆེས་ཉེན་ཁ་ཆེ་བའི་ཡན་ལག“རྟེན་གཞི”ཞིག་ཡིན་པར་ངོས་བཟུང་ཡོད།

དབྱི་རག་གི་དྲག་ཆས་ཚོགས་པས ༢༠༠༧ ལོའི་ཟླ ༥ པར་པིན་ལཱ་ཏིན་ལ་སྤྲིངས་པའི་ཡི་གེའི་ནང་། པིན་ལཱ་ཏིན་གྱིས་དབྱི་རག་ཏུ་བྱུང་བཞིན་པའི“གོད་ཆག”ལ་བཀག་འགོག་བྱེད་རྒྱུའི་རེ་བ་ཞུས་ཡོད། གནས་དེའི་དྲག་ཆས་མི་སྣས་མདུང་ཁ་ནང་ལ་བསྐོར་ཞིང་ “རྟེན་གཞི”འི་རྩ་དོན་ལ་རྒྱབ་འགལ་བྱེད་མགོ་བརྩམས་ཡོད།

ཡིག་ཆའི་ནང་གསལ་བ་ལྟར་ན་པིན་ལཱ་ཏིན་ཁོ་རང་“རྟེན་གཞི”ནང་ཁུལ་གྱི་འཐབ་རྩོད་ལ་རེ་ཐག་གཏིང་ནས་ཆད་ཡོད་འདུག ཁོས་ཨ་ཧྥེ་རི་ཁ་བྱང་མའི་ཡན་ལག་“རྟེན་གཞི་”ལ བསྐུར་བའི་ཡི་གེའི་ནང་། རྟེན་གཞིའི་དམིགས་ཡུལ་ནི་ཨ་རི་བ་ཡིན་པ་ལས་བདེ་འཇགས་ལས་ཁུངས་མ་ཡིན་ལ། རང་འཁྲིས་ཀྱི་འཐབ་རོགས་ནི་དེ་བས་ཀྱང་མ་ཡིན་ཞེས་དྲན་སྐུལ་བྱས་ཡོད་འདུག

ཤུགས་རྐྱེན་ཇེ་ཆུང་དུ་གྱུར་ནས་བཀའ་རྒྱ་ལག་ལེན་དུ་བསྟར་དཀའ་བ།

པིན་ལཱ་ཏིན་གྱིས་དེ་ལྟར་དྲན་སྐུལ་བྱས་ཡོད་ཀྱང་ཁོའི་དྲན་སྐུལ་ནི་རྣ་རྒྱབ་ཀྱི་ལྷགས་པ་ལྟར་བཏང་ཡོད། ཨ་རིའི་འགོ་བ་ཞིག་གིས་པིན་ལཱ་ཏིན་འཆི་ཁ་མའི་ཤུགས་རྐྱེན་ནི་དེ་སྔ་དང་བསྡུར་ཐབས་གཏན་ནས་མི་འདུག་ཅེས་བཤད་ཡོད།

པིན་ལཱ་ཏིན་ཨ་པོ་ཐ་པཱ་ཌི་རུ་སྐུང་ཡོད་པའི་རིང་། ད་དུང་ “རྟེན་གཞི” འི་དྲ་རྒྱའི་སྙན་ཞུ་བསྡུ་ལེན་བྱེད་ཀྱི་འདུག ལོ་ཟླ་ཚེས་གྲངས་བཀོད་མེད་པའི་“ཕྱི་ཕྱོགས་ཀྱི་འགུལ་སྐྱོད་སྙན་ཞུ་” ཞིག་གི་ནང་དུ་ལོ་དེའི་དྲག་ཤུགས་འཇབ་རྒོལ་གྱི་དམིགས་ཡུལ་ལེགས་འགྲུབ་བྱུང་མེད་པའི་ཐད་ལ། སྙན་ཞུ་བས་རྒྱུ་རྐྱེན་རབ་དང་རིམ་པ་ཞིག་བཀོད་ཡོད་འདུག

“ཐོག་མར་རླུང་རྟ་མ་རྒྱུགས་པ་དང་། དེ་ནས་ཁོངས་མི་ལ་སྦྱོང་བརྡར་ལེགས་པོ་ཐོབ་མེད་པ་དང་། བརྡ་འཕྲིན་ལ་བཀག་རྒྱ་ཐེབས་པ། འགྲུམ་འགྲུལ་སྟབས་མི་བདེ་བ། མཚོན་ཆ་མི་འདང་བ། བདེ་འཇགས་ལས་ཁུངས་ཀྱིས་བདའ་འདེད་བྱས་ཡོད་པ་”སོགས་“རྟེན་གཞི”འི་འགུལ་སྐྱོད་ལ་དཀའ་ཁག་གང་མང་གནས་ཡོད་ཚུལ་སྙན་ཞུའི་ནང་བྲིས་ཡོད།

བུ་ཕྲུག་ “རྟེན་གཞི”འི་མགོ་བ་གསར་པར་འགྱུར་བའི་རེ་བ་ཡོད་པ།

གསང་རྒྱ་བསྒྲལ་བའི་ཡིག་ཆ་འདི་དག་གིས་ད་དུང་པིན་ལཱ་ཏིན་ཁོའི་ཁྱིམ་ཚང་གི་འཚོ་བའི་ཟུར་གཅིག་ཀྱང་གསལ་བར་བྱས་ཡོད། ཁོས་སྔ་མོ་ནས་ཕབ་ཡོད་པའི་བརྙན་ཞིག་གི་ནང་། ཆུང་མ་མང་པོའི་ནང་གི་གཅིག་ལ་གལ་སྲིད་རང་ཉིད་ཤི་རྗེས་མོ་རང་གཞན་ཞིག་ལ་མནའ་མར་སོང་ཡང་ཁོ་ལ་བསམ་འཆར་མེད་ཅེས་ནན་མངག་བྱས་ཡོད་ལ། མོ་རང་ཤི་རྗེས་ཁོ་དང་མཉམ་དུ་དུར་སྦས་བྱེད་ཡོང་བའི་རེ་བ་ཡོད་ཚུལ་བཤད་ཡོད།

དེ་དུས་པིན་ལཱ་ཏིན་ཁོས་རང་ལ་ཨ་རིའི་དམག་དཔུང་གི་འཇབ་རྒོལ་ཐེབས་ཤིང་། མཚོ་དུར་བྱེད་ཡོང་བ་བློ་ཡིད་ལ་འཁོར་མེད་ཚོད་འདུག

པིན་ལཱ་ཏིན་གྱིས་ད་དུང་ཆུང་མ་དེ་ལ་ཁོ་གཉིས་ཀྱི་བྱིས་པ་གཡུལ་སར་བསྐྱེལ་ནས་ཁོའི་ “འཕྲིན་ལས་”མུ་མཐུད་དུ་སྐྱོང་དགོས་ཚུལ་བཤད་ཡོད།

པིན་ལཱ་ཏིན་ལ་ད་དུང་རང་ཉིད་ཆེས་དགའ་བའི་བུ་ཧཱ་མུའུ་ཀྲ་ཞེས་པ་“རྟེན་གཞི”འི་མགོ་བ་རྗེས་མ་ལ་གསོ་སྐྱོང་བྱེད་འཆར་ཡོད་འདུག ད་ལོ་ལོ ༢༢ ལ་སོན་མཁན་འདིས་ཡིབ་སྐུང་བྱས་ཡོད་པའི་ཨ་ཕ་ལ་བསྐུར་བའི་ཡི་གེའི་ནང་། རང་ཉིད་“དབྱི་སི་ལན་གྱི་ཆོས་སྤེལ་དམག་དཔུང་”ནང་ཞུགས་འདོད་ཀྱི་འདུན་པ་ཤུགས་ཆེན་ཡོད་པ་དང་། པིན་ལཱ་ཏིན་གྱི་རྗེས་ལ་སྙེག་སྟེ་འབར་མདེལ་སོགས་ཀྱི་སྤྱོད་ཐབས་སྦྱངས་འདོད། རྟེན་གཞིའི་ཁོངས་མི་ཞིག་ཏུ་འགྱུར་རེ་ཆེ་བའི་ཕུགས་བསམ་ཞུས་འདུག

འབྲེལ་ཡོད་རྩོམ་ཡིག