ཚེས ༡༧ ཉིན། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུས་ན་ཤེས་གསལ་ལྟར་ན། མིག་སྔར་མཚོ་སྔོན་གཙང་གསུམ་འབྱུང་ཁུངས་དང་། བོད་བྱང་ཐང་། ཤིན་ཅང་ཨར་ཅིན་རི་བོ་བཅས་ས་ཁུལ་གྱི་མོ་གཙོད་དག་མཚོ་བོད་ལྕགས་ལམ་དང་། མཚོ་བོད་གཞུང་ལམ་བརྒལ་ནས་གཙོད་གནས་སུ་བསྐྱོད་ཐུབ་པ་བྱུང་། ཐེངས་འདིར་གནས་སྤོར་དུས་ནི་ལོ་སྔོན་མ་དག་དང་བསྡུར་ན་ཆ་སྙོམས་ཉིན་བཅུ་གྲངས་ཀྱིས་སྔོན་ལ་སྣུར་ཡོད་ཅིང་། དེ་ནི་ལོ་བཅུའི་ཚུན་གཙོད་ཕྲུག་སྐྱེས་བར་གནས་སྤོར་བའི་དུས་ཚིགས་སྔ་ཤོས་སུ་ཆགས་ཡོད་པ་རེད།
ཟླ ༥ པའི་ཚེས ༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༥ ཡི་སྟེང་། ཨ་ཆེན་གངས་རྒྱབ་སྨིག་པ་ལ་སྒང་སྲུང་སྐྱོབ་ས་ཚིགས་ཀྱི་ལྟ་དཔྱད་ཚད་འཇལ་ལས་སྣེ་བས་མོ་གཙོད་མང་པོ་མཚོ་བོད་ལྕགས་ལམ་གྱི་ལམ་འགྲམ་དུ་འདུས་ཡོད་པ་མཐོང་འཕྲལ། དུས་ཐོག་ཏུ་འགྲིམ་འགྲུལ་བཀག་སྡོམ་གྱི་བྱེད་ཐབས་སྤྱད་པ་བརྒྱུད། ཉིན་དེའི་དགོང་མོ་ཆུ་ཚོད༢༢སྟེང་མོ་གཙོད་དག་གཞུང་ལམ་ལས་ཕར་བརྒལ་ཐུབ་པ་བྱུང་། ཐེངས་འདིའི་གནས་སྤོར་ནི་ལོ་སྔོན་མ་དག་ལས་ཅུང་སྔོན་ལ་སྣུར་ཡོད་པས། ཚོད་དཔག་ལྟར་ན་མོ་གཙོད་སྐོར་ཁག་དང་པོ་དེ་ཟླ་འདིའི་ཟླ་མཇུག་ཙམ་དུ་གཙོད་གནས་སུ་སླེབས་ཐུབ་རྒྱུ་རེད། པེ་ཅིང་སློབ་ཆེན་རང་བྱུང་རི་ཆུ་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་སྣེ་བ་ལུའུ་ཡན་གྱིས་གསར་འགོད་པར། མོ་གཙོད་དག་གིས་གཙོད་ཕྲུག་བཙའ་བར་སྔ་སྣུར་གྱིས་གནས་སྤོར་བ་ནི་འཚོ་གནས་ཀྱི་ནམ་ཟླ་དང་གནམ་གཤིས་འགྱུར་ལྡོག་སོགས་དང་འབྲེལ་བ་ཡོད་སྲིད་པ་རེད་ཅེས་བརྗོད།
གཙོད་གནས་ནི་མོ་གཙོད་དག་གིས་གཙོད་ཕྲུག་བཙའ་སའི་གནས་གཙོ་བོ་ཡིན་ལ། ཨ་ཆེན་གངས་རྒྱབ་ཀྱི་བཙའ་ཐང་ཆེན་མོ་ཞེས་འབོད་སྲོལ་ཡོད། གཙོད་ཁྱུ་ཡིས་ལོ་རེའི་ཟླ༡༢པར་འཁྲུག་སྦྱོར་བྱེད་ཀྱི་ཡོད་པ་དང་། ཕྱི་ལོའི་ཟླ༥པར་མཚོ་ནག་ཏུ་གཙོད་ཕྲུག་བཙའ་བཞིན་ཡོད་པ། ཟླ༦པ་ནས༧པར་གཙོད་ཕྲུག་དག་བཙས་ཚར་རྗེས་སླར་ཡང་སྔར་གྱི་གནས་སུ་སླེབས་ནས་ཕོ་གཙོད་དག་དང་མཉམ་འདུས་བྱེད་ཀྱི་ཡོད་ལ། ཆ་སྙོམས་ལམ་ཐག་སྤྱི་ལེ༦༠༠ལ་སྐྱོད་ཀྱི་ཡོད་རེད།
གསར་འགོད་པ་ཨ་ཆེན་གངས་རྒྱབ་ཀྱི་སྨིག་པ་ལ་སྒང་བརྒྱུད་དུས། སྤྱི་ལེ༡༠རེ་མཚམས་སུ་གཙོད་༡༠ནས་༣༠ཁྱུ་ཁྱུ་བྱས་ཏེ་གནས་སྤོར་བཞིན་པ་དང་། རྒྱལ་ལམ༡༠༩དང་བར་ཐག་རྨིད་༡༠ཙམ་ལས་མི་འདུག་པ་མཐོང་ཞིང་། ལམ་འགྲོ་བ་དག་གིས་ཀྱང་དེ་དག་པར་དུ་བཏབ་ནས་མིག་གི་ལོངས་སྤྱོད་དུ་རོལ་བཞིན་འདུག
“གཙོད་དག་མིའི་རིགས་ལ་སྐྲག་སྣང་སྐྱེས་པ་དེ་ལོ་རེ་བཞིན་ཇེ་ཆུང་དུ་འགྲོ་བཞིན་འདུག་ལ། དེ་ནི་ལོ་འདི་འགའི་རིང་སྲུང་སྐྱོབ་ལས་དོན་གྲུབ་འབྲས་ལོན་ཡོད་པ་མཚོན”ཞེས་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུས་ཀྱི་དྲིལ་སྒྲོག་ཁོའོ་ཡི་ཁོའོ་ཀྲང་ཝང་ཧེ་ལེན་གྱིས་གསར་འགོད་པར་དེ་ལྟར་བརྗོད། དུས་རབས་སྔོན་མའི་མཇུག་ཏུ། གཙོད་དག་དམར་གསོད་ཆེན་པོ་བཏང་པ་དེས་ཁ་གྲངས་ཁྲི༢ལའང་མི་ལོངས་པར་གྱུར་འདུག ༢༠༠༦ལོ་ནས་བཟུང་། ས་ཁུལ་དེ་གར་བསྟུད་མར་ལོ༩ཡི་རིང་ལྐོག་རྔོན་རྒྱག་པའི་དོན་རྐྱེན་ཅི་ཡང་མ་བྱུང་པས། སྲུང་སྐྱོབ་བྱས་པ་བརྒྱུད་གཙོད་ཀྱི་ཁ་གྲངས་མིག་སྔའི་ཁྲི༦གཡས་གཡོན་དུ་འཕར་ཡོད་ཟེར།
གཙོད་ནི་གཙོ་བོ་རང་རྒྱལ་གྱི་མཚོ་སྔོན་དང་། བོད་ལྗོངས། ཤིན་ཅང་ས་ཁུལ་དུ་ཁྱབ་ཡོད་ཅིང་། ས་བབ་མཐོ་ཚད་རྨིད༤༠༠༠ཡན་གྱི་ས་མཐོའི་རྩྭ་ཐང་དུ་འཚོས་ཡོད། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ལ། ཨ་ཆེན་གངས་རྒྱབ་ཀྱི་གཟི་བརྗིད་ཅེས་པའི་མཚན་སྙན་ཡང་རྒྱས་ཡོད་པ་རེད།