ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་དེ་རྒྱལ་ཡོངས་ནས་ཀྲུང་དབྱང་ཞེས་པའི་རིམ་པ་མཐོ་ཤོས་སུ་འཕར་འདུག

2015-05-25

དུས་ཡུན་ལོ་ངོ ༩ ཡི་རྗེས་སུ། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཚོགས་འདུ་གལ་ཆེན་དེ་པེ་ཅིང་དུ་འཚོགས་འདུག་ཅིང་། ཐེངས་འདིར་ཚོགས་འདུའི་མིང་དེ་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་ནས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་ཞེས་རིམ་པ་མཐོ་ཤོས་སུ་འཕར་འདུག དེས་ནི་ཀྲུང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་གཙིགས་མཐོང་ཆེན་པོ་མཛད་ཀྱིན་པ་མཚོན་ཡོད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ད་རེས་ཀྱི་ཚོགས་འདུར་ཞུགས་པ་མ་ཟད་གསུངས་བཤད་གལ་ཆེན་གནང་འདུག དེ་ཡང་ཡིག་འབྲུ་སྟོང་གསུམ་གྱི་བདག་ཉིད་ཅན་གྱི་གསུངས་བཤད་ཀྱི་ནང་དོན་ཧྲིལ་བོ་མདོར་དྲིལ་ན། དེ་ལས་ཕྱོགས་གསུམ་གྱི་ཆ་འཕྲིན་ནི་ཀུན་གྱིས་དོ་སྣང་བྱ་འོས་པ་ཞིག་ཏེ།

གཅིག ཞིས་ཅིན་ཕིང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་དཔྱད་འཇོག་གསར་པ་གནང་།

ཞིས་ཅིན་ཕིང་གིས། ལོ་ངོ་འདི་འགའི་རིང་། ཏང་ཀྲུང་དབྱང་གི་དབུ་ཁྲིད་འོག འཐབ་ཕྱོགས་གཅིག་གྱུར་ལས་སྒོས་རྒྱལ་གཅེས་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོ་རུ་སྒྲེང་ཤིང་། མཐུན་སྒྲིལ་དང་མཉམ་འབྲེལ་ཆེན་མོའི་བརྗོད་གཞི་སེམས་ལ་བརྟན་པོར་ངེས་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་། གཞུང་ལུགས། ལམ་ལུགས་ཀྱི་ཡིད་ཆེས་ལ་ཤུགས་སྣོན་བྱས་ཏེ། ཏང་སྲིད་ཀྱི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། གྲལ་རིམ་གྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་འཆམ་མཐུན་ཡོང་པར་སྐུལ་འདེད་བྱེད་པ། མཐུན་སྒྲིལ་དང་མདུན་སྐྱོད། གསར་གཏོད། འཁྲུག་ཆ་དོད་པའི་གནས་བབ་སྲ་བརྟན་དང་འཕེལ་རྒྱས་བཏང་ཐོག་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྟིང་སྐུལ་བྱས་པ་མ་ཟད། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་སྲུང་སྐྱོབ། མེས་རྒྱལ་གཅིག་གྱུར་ལ་ཡར་སྐུལ་བཅས་ཐད་བྱས་རྗེས་རླབས་ཆེན་བཞག་ཡོད་ཅེས་བསྟན།

གཉིས། ཞིས་ཅིན་ཕིང་གིས་འཐབ་ཕྱོགས་གཅིག་གྱུར་ལ་བླང་བྱང་གསར་པ་བཏོན།

ཞིས་ཅིན་ཕིང་གིས། དེང་གི་ཆར་གནས་བབ་གསར་པའི་འོག་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལེགས་པོ་སྒྲུབ་དགོས་ན། ངེས་པར་དུ་ཆོས་ཉིད་ཁོང་དུ་ཆུད་དགོས་པ་དང་། རྩ་དོན་རྒྱུན་འཁྱོངས་བྱེད་པ། བྱེད་ཐབས་ལ་དང་དོད་བྱེད་པ་བཅས་དང་། དེ་ལས་ཀྱང་ཆེས་རྩ་བར་གྱུར་པ་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། སྲིད་བྱུས་དང་བྱེད་ཐབས་གང་ཡིན་ཡང་ཏང་གི་འགོ་ཁྲིད་དང་སྲིད་སྐྱོང་གོ་གནས་རྒྱུད་འཛིན་སྲ་བརྟན་ལ་ཕན་ཐོགས་པར་དམིགས་དགོས་པ་མ་ཟད། ངེས་པར་དུ་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་གང་ལེགས་བྱས་ཐོག ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྔར་བས་སྲ་བརྟན་གཏོང་དགོས་པ་དང་ཆབས་ཅིག ཁྱོན་ཡོངས་ནས་དམངས་གཙོ་དར་སྤེལ་དང་། སོ་སོའི་བར་ཁྱད་ལ་བརྩི་འཇོག་དང་བཟོད་སྒོམ་བྱེད་པ། ཅི་ནུས་གང་ནུས་ཀྱིས་ཞིབ་ཕྲའི་ལས་དོན་གང་ལེགས་སྒྲུབ་དགོས་ཤིང་། གནས་བབ་གསར་པའི་འོག་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལེགས་པོར་སྒྲུབ་དགོས་ཚེ། ངེས་པར་དུ་དང་མཐུན་སྒྲིལ་དང་མཛའ་བརྩེའི་འབྲེལ་ལམ་བསྐྲུན་མཁས་པོ་ཡོང་དགོས་ཏེ། འཐབ་ཕྱོགས་གཅིག་གྱུར་ནི་མིའི་ངོས་ཐད་ཀྱི་ལས་ཀ་ལས་མ་འདས་པས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལེགས་པོ་སྒྲུབ་དོན་ཡང་ཐུན་མོང་གི་འབད་བརྩོན་ནུས་ཤུགས་སྟོབས་ཆེར་གཏོང་རྒྱུ་དེ་རེད་ཅེས་བསྟན་བྱུང་།

གསུམ། ཞིས་ཅིན་ཕིང་གིས་ཚོགས་སྡེ་འདི་གསུམ་ནི་མཐུན་སྒྲིལ་བྱ་ཡུལ་གཙོ་བོར་འཛིན་དགོས་ཚུལ་གསལ་པོར་བསྟན། ༡ ཕྱི་འགྲིམས་སློབ་མ་ནི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཤུགས་རྒྱག་ཡུལ་གསར་པ་ཡིན་པ་གསལ་བོར་བསྟན།

ཐེངས་འདིའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་སྟེང་ཕྱི་འགྲིམས་མའི་དཔུང་སྡེ་ནི“འཇོན་མིའི་དཔུང་སྡེའི་གྲུབ་ཆ་གལ་ཆེན”ཡིན་ཞེས་གནད་དུ་བཟུང་ནས་གླེང་བྱུང་པས། ཁོ་ཚོ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མཐུན་སྒྲིལ་བྱ་ཡུལ་གཙོ་བོར་འགྱུར་རྒྱུ་རེད།

དོན་དངོས་ཐོག ཕྱི་ལོ༢༠༠༠ལོར་ཀྲུང་དབྱང་གིས་ཐོག་དང་པོར་ཕྱི་རྒྱལ་དང་རྒྱལ་ནང་དུ་ལོག་པའི་སློབ་གཉེར་བ་དག་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཁྱབ་ཁོངས་སུ་བསྡུ་འགོ་བརྩམས་ཤིང་། ཕྱི་འགྲིམས་སློབ་མ་དག་ནི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཁ་གཏད་ཕྱོགས་གཙོ་བོར་གྱུར་ཡོད་པ་རེད། དེ་བས་ན། ད་རེས་ཀྱི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཕྱི་འགྲིམས་སློབ་མ་དག་ནི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱིས་ཤུགས་རྒྱག་ས་གསར་པ་ཡིན་ཞེས་དེ་ལས་ཀྱང་ཁ་གསལ་པའི་འགྲེལ་བརྗོད་བྱས་འདུག

འདི་ལས་ཀྲུང་དབྱང་གིས་ཕྱི་འགྲིམས་སློབ་མའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གཙིགས་མཐོང་མཛད་པ་མཚོན་ཏེ།

དེ་ཡང་ཇི་ལྟར་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤེལ་རྒྱུའམ། ཕྱི་འགྲིམས་སློབ་མའི་དབར་མཐུན་སྒྲིལ་དང་མཛའ་བརྩེའི་འབྲེལ་ལམ་འཛུགས་ཐད་རེབ་འདིའི་འཐབ་ཕྱོགས་གཅིག་གྱུར་ཚོགས་འདུའི་སྟེང་གླེང་ཕྱོགས་གསལ་པོ་ཡོད་དེ།

ཐོག་མར། “ཕྱི་འགྲིམས་ལ་སློབ་གཉེར་ལ་རྒྱབ་སྐྱོར་དང་། ཕྱིར་རྒྱལ་ནང་དུ་ལོག་པར་རྟིང་སྐུལ་བྱེད་པ། འགྲོ་འོང་ལ་རང་དབང་ཡོད་པ། སོ་སོའི་ནུས་པ་འདོན་རྒྱུ”བཅས་འཐབ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ།

དེ་ནས་ཀྲུང་དབྱང་གིས་ཕྱི་འགྲིམས་སློབ་མ་ཕྱིར་རྒྱལ་ནང་དུ་ལོག་ནས་ལས་ཀ་སྒྲུབ་པའམ་ཐབས་ལམ་ཅི་རིགས་བརྒྱུད་དེ་ཅག་གིས་རྒྱལ་ཁབ་ལ་ཞབས་ཞུ་སྒྲུབ་པར་རྟིང་སྐུལ་བྱེད་དགོས།དེང་གི་ཆར་རྒྱལ་ནང་གི་དཔལ་འབྱོར་མར་དྲིལ་བའི་དཀའ་ངལ་ལ་འཕྲད་པའི་སྐབས་འདིར། ཕྱི་འགྲིམས་སློབ་མ་ནི་ཡོན་ཚད་མཐོ་ཞིང་། མཐོང་དཔྱོད་ཡངས་པོ་ལྡན་པས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྡོངས་གྲོགས་མཛད་ཐུབ་པ་རེད།

༢ སྨྱན་སྦྱོར་གསར་པའི་ཁྲོད་ཀྱི་ཚབ་མཚོན་མི་སྣ་ཡང་ཚོགས་འདུའི་ཁྲོད་ཐེངས་དང་པོར་བཏོན་འདུག

འདི་ནི་ཞིས་ཅིན་ཕིང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཁྲོད་སྨྱན་སྦྱོར་གསར་པའི་ཁྲོད་ཀྱི་ཚབ་མཚོན་མི་སྣ་གླེང་ཐེངས་དང་པོ་ཡིན་ཏེ། གླེང་ཕྱོགས་གསར་པ་འདི་ལས་སྨྱན་སྦྱོར་གསར་པའི་ཁྲོད་ཀྱི་ཚབ་མཚོན་མི་སྣ་ནི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་འཕེལ་རྒྱས་སུ་གཏོང་པའི་མཐུན་སྒྲིལ་ཚོགས་སྡེ་གཙོ་བོར་ཚུད་པ་རེད།

མིག་སྔར། དྲ་རྒྱ་དང་ཨང་ཀིའི་ལག་རྩལ་འཕེལ་རྒྱས་ཀྱིས་སྨྱན་སྦྱོར་གསར་པའི་སྒྲིག་གཞི་ལེགས་སྒྲིག་དང་གླེང་ཕྱོགས་སྐྱེ་ཁམས་ལ་འགྱུར་ལྡོག་ཆེན་པོ་བཟོས་ཡོད་པ་དང་། སྨྱན་སྦྱོར་གསར་པའི་འཕེལ་རྒྱས་མགྱོགས་ཤིང་ཁྱབ་ཚད་རྒྱ་ཆེ་བ་དེ་ནི་བློས་མི་དཔོག་པ་ཞིག་རེད། མི་མང་གི་ངོས་ནས་སྨྱན་སྦྱོར་གསར་པ་བརྒྱུད་ཆ་འཕྲིན་ཤེས་རྟོགས་བྱུང་ཀྱིན་ཡོད་པ་མ་ཟད། ལོ་གཞོན་གྱི་སྡེ་ནས་འབྲེལ་དྲ་ནི་ཆ་འཕྲིན་ཤེས་རྟོགས་བྱེད་སའི་ཐབས་ལམ་གཙོ་བོར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གནས་བབ་འདི་འདྲའི་འོག སྨྱན་སྦྱོར་གསར་པའི་ཁྲོད་ཀྱི་ཚབ་མཚོན་མི་སྣ་ནི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་ཁྲོད་ཀྱི་ཚོགས་སྡེ་གལ་ཆེན་དུ་གྱུར་ཡོད་པ་དང་། ཏང་ཕྱིའི་ཤེས་ལྡན་མི་སྣའི་ལས་དོན་ལེགས་པོར་སྒྲུབ་རྒྱུ་དེ་ནི་དེང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་མཚོན་ན། རྨང་གཞི་ཅན་ནམ་འཐབ་ཇུས་ཅན་གྱི་ལས་དོན་ཞིག་ཏུ་ངང་གིས་གཏོགས་པ་རེད།

ཞིས་ཅིན་ཕིང་ལྟར་ན། སྨྱན་སྦྱོར་གསར་པའི་ཁྲོད་ཀྱི་ཚབ་མཚོན་མི་སྣས་དྲ་བའི་བར་སྟོང་གཙང་དག་བྱེད་པ་དང་། གླེང་ཕྱོགས་གཙོ་བོ་དར་སྤེལ་སོགས་ཐད་དྲང་ནུས་འདོན་ཐུབ་ལ། འདིས་ནི་དྲ་བའི་སྤྱི་ཚོགས་ཀྱི་མདུན་སྐྱོད་དང་མཐུན་སྒྲིལ་ལ་ཕན་ཐོགས་ཆེན་པོ་ལྡན། དེ་དག་དང་མཛའ་འབྲེལ་ཇི་ལྟར་འཛུགས་པའི་ཐད། ཞིས་ཅིན་ཕིང་གིས་འཐབ་ཕྱོགས་གཅིག་གྱུར་ལས་སྣེ་བ་དག་གིས་ལས་ཀའི་བྱེད་ཐབས་ལེགས་བཅོས་བྱེད་པར་གསལ་འདེབས་བྱས་ཡོད་པ་མ་ཟད། ཐག་གཅོད་བྱེད་ཐབས་ཀྱང་ངོས་སྦྱོར་གནང་ཡོད་དེ། དེ་ནི་སྨྱན་སྦྱོར་གསར་པར་བརྟེན་ནས་རྒྱུན་ལྡན་ཅན་གྱི་འབྲེལ་འདྲིས་བྱེད་ཐབས་འཛུགས་རྒྱུ་དང་། དྲ་ལམ་ནས་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་དགོས་སོ།

༣ སྤྱི་དབང་མིན་པའི་དཔལ་འབྱོར་མི་སྣ་དང་ལྷག་པར་དུ་ལོ་གཞོན་གྱི་སྡེ་ལ་མཐོང་ཆེན་བྱེད་དགོས།

ད་རེས་ཀྱི་ཚོགས་འདིའི་སྟེང་། སྤྱི་དབང་མིན་པའི་དཔལ་འབྱོར་མི་སྣ་དང་ལྷག་པར་དུ་ལོ་གཞོན་གྱི་སྡེ་ལ་མཐོང་ཆེན་བྱེད་དགོས་པ་བསྟན་ཡོད་ཅིང་། དེའི་ཁྲོད་ལོ་གཞོན་གྱི་སྡེ་ནི་དེ་ལས་ཀྱང་དོ་སྣང་བྱ་འོས་པ་ཞིག་སྟེ། ཁོ་བོ་ཚོའི་ངོས་ཐད་ནས། ཞིས་ཅིན་ཕིང་གིས་སྤྱི་དབང་མིན་པའི་དཔལ་འབྱོར་མི་སྣའི་བདེ་ཐང་ལ་རྟིང་སྐུལ་བྱེད་དགོས་པ་དང་། ལོ་གཞོན་པའི་སྡེ་ལ་ཕྱུག་འགྱུར་གྱི་བསམ་ཕྱོགས་ལྡན་དགོས་པ་དང་། ཕྱུག་པོར་ཆགས་རྗེས་ཀྱི་ཡར་བརྩོན་ལ་ལམ་སྟོན་བྱེད་དགོས་ཞེས་དམིགས་སུ་བསྟན་བྱུང་།

སྤྱི་དབང་མ་ཡིན་པའི་དཔལ་འབྱོར་གྱིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་ལྷག་པའི་ནུས་པ་ཐོན་ཡོད་པས་ན། སྤྱི་དབང་མ་ཡིན་པའི་དཔལ་འབྱོར་མི་སྣར་མཐུན་སྒྲིལ་བྱེད་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་པ་རེད།

སྤྱི་དབང་མ་ཡིན་པའི་དཔལ་འབྱོར་མི་སྣར་ཇི་ལྟར་མཐུན་སྒྲིལ་བྱེད་པའི་ཐད། ཞིས་ཅིན་ཕིང་གིས། མཐུན་སྒྲིལ་དང་། ཞབས་ཞུ། མཛུབ་ཁྲིད། སློབ་གསོ་བཅས་ཀྱིས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཅིག་ནས་རྒྱབ་སྐྱོར་ལ་རྟིང་སྐུལ་བྱེད་རྒྱུ་དང་། ཕྱོགས་གཅིག་ནས་སློབ་གསོས་རྟིང་སྐུལ་བྱས་པ་བརྒྱུད། ཁོ་རང་ཚོའི་བསམ་བློ་དང་། དཀའ་ངལ་ལ་ཐུགས་ཁུར་གནང་ནས་དམིགས་སོ་ཡོད་པའི་སྒོ་ནས་རྒྱབ་སྐྱོར་རྟིང་སྐུལ་བྱེད་དགོས་ཞེས་གསལ་པོར་བསྟན་ཡོད།

ད་རེས་ཀྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་སྟེང་། ཞིས་ཅིན་ཕིང་གིས། ལོ་གཞོན་གྱི་སྡེ་ལ་མཐུན་སྒྲིལ་ལེགས་པོ་བྱེད་དགོས་ཞེས་དམིགས་སུ་བསྟན་ཡོད། དེ་ཡང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པར་ཚོང་གཉེར་པ་སྐོར་ཞིག་གིས་ཚོང་ལས་གཉེར་ནས་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་མི་དམན་པ་བཞག་ཡོད་པ་དང་ཆབས་ཅིག རྒྱུ་འབྱོར་ཡང་ཕུན་སུམ་ཚོགས་པ་བསྐྲུན་ཡོད། དེང་ཆར། མི་རབས་དེར་རིམ་གྱིས་ལས་འཁྱུར་ངལ་གསོའི་ལོ་ཚོད་དུ་སླེབས་ཡོད་པས། ཚོང་གཉེར་སྡེའི་མི་རབས་གཉིས་པའི་དུས་སྐབས་ལ་སླེབས་ཡོད་པས། དེ་དག་གིས་ལས་རྒྱུན་ལེགས་པོ་ཇི་ལྟར་སྐྱོང་ཐད་མཛུབ་ཁྲིད་གནང་རྒྱུ་དང་། རྒྱུ་འབྱོར་དེ་དག་བེད་སྤྱོད་ལེགས་པོ་གཏོང་རྒྱུའང་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གནད་དམ་པ་ཞིག་རེད།

ཞིས་ཅིན་ཕིང་གིས་ལོ་གཞོན་པའི་སྡེ་ནས་རྒྱལ་གཅེས་དང་། ལས་བཀུར། གསར་གཏོད། ཁྲིམས་བརྩི། ཁ་དན་ཚིག་གནས། བྱས་རྗེས་འཇོག་ཐུབ་པ་ཡོང་དགོས་ཞེས་རེ་བ་ནན་མོ་བཅིངས་ཡོད་དེ། སྐད་ཆ་གོ་བདེ་ངང་བཤད་ན་ཁོ་རང་ཚོའི་མི་རབས་སྔོན་མ་དག་གི་ལས་འཕྲོ་རྒྱུན་འཁྱོངས་ལེགས་པོ་བྱེད་དགོས་ཞེས་པ་དེ་རེད།

དེ་ལས་གཞན། ཀྲུང་དབྱང་གིས་ཚོགས་སྡེ་དེ་གསུམ་པོ་མཐུན་སྒྲིལ་ཡོང་དགོས་པ་མ་ཟད། སྐྱེད་བསྲིངས་བེད་སྤྱོད་གཏོང་དགོས་ཞེས་དེ་ཡང་གལ་ཆེ་བའི་གནད་ཅིག་སྟེ། ཞིས་ཅིན་ཕིང་གིས“ཏང་ཕྱིའི་ཚབ་མཚོན་མི་སྣ་སྐྱེད་བསྲིངས་དང་། བདམས་ཐོན། བེད་སྤྱོད་ཀྱི་ལས་ཀར་ཤུགས་སྣོན་བྱེད་དགོས”ཞེས་གསུངས་ཡོད་དོ།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དེའི་ཐད་ཐུགས་བཞེས་གནང་ཡོད་པ་མ་ཟད། གཙོ་བོ་དང་གནད་འགག་ཅེས་དམིགས་སུ་བསྟན་ཡོད་པ་རེད། དེ་ཡང་གཙོ་བོ་ཞེས་པ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་གཏོང་པ་དང་ནུས་པ་འདོན་རྒྱུ་དེ་ཡིན་ལ། གནད་འགག་ཅེས་པ་ནི་སྐྱེད་བསྲིངས་ལ་ཤུགས་སྣོན་བྱས་ཏེ་སྤུས་ཚད་ཇེ་མཐོར་གཏོང་དགོས་པ་དེ་རེད། འདི་ཀུན་གྱི་དམིགས་ཡུལ་ཡང་རང་རྟོགས་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ལེན་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ། འཐུས་ཚབ་རང་བཞིན་ལྡན་ཞིང་སྲིད་ཞུགས་སྲིད་མོལ་གྱི་འཇོན་ཐང་ལྡན་པའི་ཏང་ཕྱིའི་ཚབ་མཚོན་མི་སྣའི་དཔུང་སྡེ་ཞིག་སྐྱེད་བསྲིངས་བྱེད་རྒྱུ་ལས་མ་འདས་སོ།

འབྲེལ་ཡོད་རྩོམ་ཡིག