ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཨ་རིས་པིན•ལ་ཏིན་དང་འབྲེལ་བའི་ཡིག་ཆ་འབོར་ཆེན་ཁྱབ་བསྒྲགས་བྱས།

2015-05-22

ཀྲུང་གོ་གསར་འགྱུར་དྲ་བའི་ཟླ ༥ བའི་ཚེས ༢༡ ཉིན་གྱི་འཕྲིན། "རྟེན་གཞི"རྩ་འཛུགས་ཀྱི་འགོ་བ་སྔོན་མ་པིན•ལ་ཏིན་ནི ༢༠༡༡ ལོར་ཨ་རིའི་མཚོ་དམག་སྐམ་འཛིང་རུ་ཁག་གིས་བསད་པ་དང་། ཉེ་ལམ།

ཨ་རིའི་གསང་འཕྲིན་ལས་ཁུངས(Director of National Intelligence,DNI)ཀྱིས་ཁོ་བསད་རྗེས་འཚོལ་ཞིབ་བྱུང་བའི་ཡིག་ཆ་སྐོར་ཞིག་ཁྱབ་བསྒྲགས་བྱས་ལ། ཁོ་ཕ་ཁི་སི་ཐན་དུ་སྦས་སྐོང་བྱས་ཡོད་དུས། མངའ་འོག་གི་མི་རྣམས་རྩ་འཛུགས་བྱས་ཏེ། ཨ་རིར་འཐབ་རྒོལ་བྱེད་རྩིས་བྱས་པ་སྤེལ་འདུག

ཚེས ༢༠ ཉིན། ཨ་རིས་གསང་བའི་ཡིག་ཆ ༣༠༠ ལྷག་ཁྱབ་བསྒྲགས་བྱས་ཤིང་། དེའི་ཁྲོད་དུ་འཕྲིན་ཡིག་ ༡༠༣ ནི་པིན•ལ་ཏིན་དང་ཁོའི་ཁྱིམ་མི། "རྟེན་གཞི"ཡི་ཚོགས་མི། འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པ་གཞན་བར་གྱི་འབྲེལ་འདྲིས་ཡི་གེ་ཡིན་ལ། ཀྲུང་དབྱང་གསང་འཕྲིན་ཅུས(CIA)ཀྱིས་དེ་མཐའ་དག་ཨ་རབ་སྐད་ནས་དབྱིན་ཡིག་ཏུ་བསྒྱུར་འདུག ཡིག་ཆ་ལ་ལ་ནི་ཁོས་ཉར་ཚགས་བྱས་པའི་དཔེ་དེབ་ཀྱི་ཞིབ་ཐོ་དང་། སྙན་ཞུ། ཨ་རི་སྲིད་གཞུང་གི་ཡིག་ཆ་བཅས་ཡིན་འདུག ཨ་རིའི་གསང་འཕྲིན་ལས་ཁུངས་ཀྱི་སྐུ་ཚབ་པས་བཤད་རྒྱུར། ཡིག་ཆ་ཁྱབ་བསྒྲགས་བྱས་པ་ནི་ཙུང་ཐུང་ཨོ་བྷ་མའི་རེ་འདུན་ལྟར། སྲིག་གཞུང་གིས་དམངས་ལ་ཞབས་འདེགས་བྱེད་བཞིན་པའི་དགོངས་དོན་དོན་འཁྱོལ་བྱེད་ཆེད་ཡིན་ཟེར།

གཅིག "རྟེན་གཞི"རྩ་འཛུགས་སུ་གཏོགས་པའི་ཧྥེ་གླིང་གི་བྱང་ཕྱོགས་ས་ཁུལ་དང་ཡེ་མེན་གྱིས་པིན•ལ་ཏིན་གྱི་བཀའ་བརྩི་ལེན་མ་བྱས།

པིན•ལ་ཏིན་གྱི་དམིགས་ཡུལ་ནི་ཨ་རིར་འཐབ་ནས་ཁོ་ཚོ་དཀའ་ལས་ལ་སྦྱར་ཏེ། དབྱི་སི་ལན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་མི་ཐུབ་པར་གཏོང་བ་དང་། "Jehad"རྩ་འཛུགས་ཀྱིས"དབྱི་སི་ལན་གྱི་རྒྱལ་ཁབ"འཛུགས་བསྐྲུན་བྱེད་ཆེད། དབུས་ཤར་རྒྱལ་ཁབ་དང་སྲིད་གཞུང་། དམག་དཔུང་བཅས་དང་འགལ་ཟླར་ལངས་བ་དང་འཐབ་པ་བཅས་བྱས་ན། ཨ་རིར་འཐབ་པའི་ལས་འགན་ལ་བར་ཆད་བཟོ་ངེས་ཡིན་ཟེར། ཁོས་ཐེངས་གང་མང་ལ་ཧྥེ་གླིང་གི་བྱང་ཕྱོགས་ས་ཁུལ་དང་ཡེ་མེན་གྱི"རྟེན་གཞི"དང་མཉམ་འབྲེལ་བྱས་ནས་ཨ་རིར་འཐབ་པའི་རེ་འདུན་བཏོན་ཡང་སྣང་མེད་དུ་བཞག་པ་རེད་ཅེས་བཀོད་འདུག

གཉིས། “༩.༡༡”དོན་རྐྱེན་བྱུང་ནས་ལོ ༡༠ འགོར་བ་ལ་དྲིལ་བསྒྲགས་ཆེན་མོ་བྱེད་རྩིས་བྱས།

པིན•ལ་ཏིན་ནི ༢༠༡༡ ལོའི་ཟླ ༥ བར་བསད་ལ། ལོ་དེའི་ཟླ ༩ བར“༩.༡༡”དོན་རྐྱེན་བྱུང་ནས་ལོ ༡༠ འགོར་ཡོད་པ་དང་། ཡིག་ཆ་ལྟར་ན། ཁོས་ཉིན་དེར་དྲིལ་བསྒྲགས་ཆེན་པོ་བྱས་པ་བརྒྱུད་དེ། “༩.༡༡”དོན་རྐྱེན་གྱིས་བཟོས་པའི་ངན་འབྲས་ལ་རྟེན་འབྲེལ་ཞུ་རྩིས་ཡོད་པ་དང་། ཐེངས་གང་མང་དུ"རྟེན་གཞི"ཡི་མཐོ་རིམ་ལ་ཨ་རིར་འཐབ་རྒོལ་ཆེན་མོ་བྱེད་པའི་རེ་འདུན་ཞུས་ཀྱང་། "རྟེན་གཞི"ཡི་མཐོ་རིམ་གྱིས་ཨ་རིའི་ལྟ་རྟོགས་ཧ་ཅང་བཙན་པོས་ཁོ་ཚོ་ཅི་བྱ་གཏོལ་མེད་ཡིན་པ་བཤད་པ་དང་གཅིག ཨ་རིའི་ཁ་ལོ་བ་མེད་པའི་གནམ་གྲུར་གཡོལ་ཆེད། གནམ་འཐིབས་པའི་སྐབས་སུ་ད་གཟོད་ལས་གང་མང་བྱེད་པ་དང་གཉིས། "རྟེན་གཞི"ལ་རྒྱབ་སྐྱོར་བྱེད་མཁན་གྱིས་ཁོར་འཕྲིན་ཡིག་བསྐུར་ནས། དབྱི་སི་ལན་རྒྱལ་ཁབ་ཀྱི་བྱ་སྤྱོད་སྡིག་རྩུབ་ཅན་དེ་དག་ལ་སྐྱོན་བརྗོད་བྱེད་རྒྱུ་དང་། ཁོས་དོན་དག་དེར་མཐོང་ཆེན་བྱས་ན་ད་གཟོད"Jehad"བྱ་འགུལ་འགྲུབ་ཐུབ་ཅེས་སྐུལ་བ་དང་གསུམ་བཅས་ཡིན།

གསུམ། ཧྥ་རན་སིའི་དཔལ་འབྱོར་ཐད་ཀྱི་དཔེ་དེབ་ཉར་ཡོད་ལ། འཐབ་རྒོལ་བྱེད་རྩིས་བྱས་པ་འདྲ།

པིན•ལ་ཏིན་གྱིས་དབྱིན་ཡིག་གི་དཔེ་དེབ་འབོར་ཆེན་ཉར་ཚགས་བྱས་ཡོད་ལ། དེའི་ཁྲོད་དུ་ཨ་རི་སྲིད་གཞུང་གི་ཡིག་ཆ་དང་སྙན་ཞུ་བཅས་ཡོད། ཁོས་ད་དུང་ཧྥ་རན་སིའི་དཔལ་འབྱོར་འཕེལ་རྒྱས་ལོ་རྒྱུས་སོགས་ཧྥ་རན་སི་དང་འབྲེལ་བའི་དཔེ་དེབ་མང་པོ་ཉར་ཡོད་ཅིང་། ཨ་རིའི་དཔོན་པོ་ལ་ལས། དེ་ནི་ཁོས་ཧྥ་རན་སིའི་དཔལ་འབྱོར་ལ་རྒོལ་བའི་འཆར་གཞི་བཀོད་མྱོང་བ་མཚོན་ཐུབ་ཟེར། ༢༠༡༡ ལོའི་ལོ་སྟོད་དུ་ “ཨ་རབ་ཀྱི་སྟོན་ཀ”ཞེས་པའི་དོན་རྐྱེན་བྱུང་བར་པིན•ལ་ཏིན་གྱིས་རང་གི་ལངས་ཕྱོགས་དང་བསམ་ཚུལ་ཅི་ཡང་མ་བཤད། ཡིན་ཡང་དོན་དངོས་སུ། ཁོ་རང་ཧ་ལས་པར་བཏང་ཡོད་ལ། ཟིན་བྲིས་སུ་མང་ཏུ་བཀོད་ནས་དོན་རྐྱེན་ལ་དབྱེ་ཞིབ་བྱས་ཡོད་པ་དང་། དེ་ནི“ཆ་འཕྲིན་དང་ཚན་རྩལ་གྱི་གསར་བརྗེ”དང། “ཨ་རབ་ཀྱི་སྟོན་ཀ”ཡིན་པ། དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་མཁན(མུ་ཟི་ལམ)དག་གི་མ་འོངས་པའི་དུས་རབས་འགའི་ནང་གི་ཆེས་གལ་ཆེ་བའི་དོན་རྐྱེན་གྱི་གྲས་ཤིག་ཡིན་པར་བཤད་ལ། མཁའ་དབུགས་འགྱུར་ལྡོག་གིས་མུའུ་སི་ལིན་གྱི་འཚོ་བར་ཐེབས་པའི་ཤུགས་རྐྱེན་ཅི་ཡིན་པའི་སྐོར་ཡང་བསྟན་ཡོད་པ་དང་། ས་འོག་གི་ཆུ་ཡོངས་སུ་བཏོན་ཚར་བར་བྱ་མི་རུང་བ་དང་། འབྲུ་རིགས་མཁོ་སྤྲོད་ཐད་ཁག་ཐེག་བྱ་དགོས་ཟེར།

འབྲེལ་ཡོད་རྩོམ་ཡིག