ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མི་དམངས་དྲ་བའི་སྐད་འཕྲིན་སྤྱི་སྟེགས་སུ་རུལ་རྒོལ་ལས་རིམ་ཐད་ཀྱི་རྩོམ་ཡིག་སྤེལ།

2015-05-25

ཚེས ༢༡ ཉིན་གྱི་དགོང་མོའི་ཆར། མི་དམངས་དྲ་བའི་སྐད་འཕྲིན་སྤྱི་སྟེགས་སུ་ཉེ་ཆར་ཀུན་གྱིས་དོ་སྣང་བྱ་ཡུལ“སྟག་རྒན”འཛིན་བཟུང་གི་གོམ་འགྲོས་ཇེ་དལ་སོང་འདུག་ཅེས་པའི་གླེང་ཕྱོགས་ཐད་རྩོམ་ཡིག་སྤེལ།

དུས་སྐབས་ཤིག་རིང་དུ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་གསར་ལམ་ཁག་གི་གསར་འགྱུར་ཐོག་མའི་བར་སྟོང་ཟིན་མི་འདུག་པ་དེས་ནི། སྟག་རྒན་རྗེས་མ་དེ་སུ་ཡིན་ཐད་ལ་རེ་ཞིག་དྲིས་ལན་མེད་པར་གྱུར་པ་དང་། སྟག་རྒན་འཛིན་བཟུང་གི་གོམ་འགྲོས་ཇེ་དལ་དུ་སོང་པ་ནི་ཀྲུང་དབྱང་གི་རུལ་རྒོལ་སྟོབས་ཤུགས་ཇེ་ཞན་གྱུར་པ་ཡིན་ནམ་ཅི་ཞེས་ཀུན་གྱིས་ཚོད་དཔག་ཅི་རིགས་བྱེད་པའི་གནས་སུ་ལྟུང་།

དེ་ལྟར་ནའང་དོན་དུ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་ནི་སྐད་ཅིག་ཙམ་ཡང་ཁོམ་མི་འདུག་སྟེ། ཉེ་ཆར་གྱི་ཆ་འཕྲིན་དག་ཕྱོགས་བསྡུས་བྱས་ཚེ། དུས་ཡུན་ལོ་ངོ་གཉིས་རིང་གི་སྟག་འཛིན་རུལ་རྒོལ་གྱི་ལས་རིམ་ཁག་སྤེལ་བའི་རྗེས་སུ། ཀྲུང་དབྱང་གི་རུལ་རྒོལ་ལས་དོན་ཡང་ཚད་རིམ་གསར་པ་ཞིག་ཏུ་སླེབས་འདུག་སྟེ། དེ་ནི་སྔོན་ཆད་བཞིན་གྲོང་ཁྱེར་གཅིག་དང་ས་གནས་གཅིག མི་སྣ་གཅིག་དང་དོན་དག་གཅིག་ཙམ་ལ་དམིགས་པའི་ཚད་བཀག་མེད་པར། དེ་ལས་ཀྱང་ལས་དོན་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་དང་། རུལ་རྒོལ་གྱི་ལས་སྒོ་སྤྱིའི་ངོས་ནས་རུལ་རྒོལ་བྱེད་མི་ཕོད་པ་ཙམ་གྱིས་མཇུག་བསྡུ་བ་མིན་པར། རུལ་སུངས་བྱེད་མི་རུང་པ་དང་རུལ་སུངས་བྱེད་མི་འདོད་པ་ནི་ད་གཟོད་ཀྲུང་དབྱང་གི་དམིགས་ཡུལ་མཐར་ཐུག་དེ་ཡིན་འདུག

ཀྲུང་དབྱང་གིས་ས་གནས་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་གཅིག་འཕྲོ་རིམ་འཕྲོ་བརྗེས་ནས་རུལ་རྒོལ་གྱི་སྟོབས་ཤུགས་གཙོ་བོ་བཙུགས་པ།

ཟླ༥པའི་ཚེས༢༠ཉིན། ཉིང་ཤ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཡན་སི་ཁྲོན་ཞིང་ཆེན་གྱི་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅིར་བསྐོར་བཞག་གནང་ཡོད་ཅིང་། ༢༠༡༥ལོའི་འདས་པའི་གཟའ་འཁོར་ལྔ་ཙམ་གྱི་རིང་དུ། ཁོ་རང་འདུས་པའི་ཞིང་ཆེན་ཁག་གི་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་དྲུག་བརྗེ་འདུག་པ་ནི་དེ་སྔོན་དང་བསྡུར་ན་བརྗེ་གྲངས་མང་པའི་ཚོད་ཡིན་ཏེ། ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ནས་༢༠༡༤ལོའི་ལོ་མཇུག་བར་མི་བརྒྱད་ལས་བརྗེས་མི་འདུག

ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ནས་མིག་སྔའི་བར། ། ཞིང་ཆེན༡༣གྱི་ཞིང་ཆེན་རིམ་པའི་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི༡༤བརྗེས་སྒང་ཡིན་ལ། དེ་ལས༦ནི་ཀྲུང་དབྱང་ནས་མར་མངགས་པ་དང་། ༦ནི་ས་གནས་མི་འདྲ་བ་ནས་བརྗེ་སྤོར་བྱས་པ། མི་སྣ༢ནི་ས་གནས་དེ་ག་རང་ནས་བསྐོ་བཞག་བྱས་འདུག

ཞིང་ཆེན་རིམ་པའི་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་དག་འཕྲོ་རིམ་འཕྲོར་བརྗེས་པ་ནི་ཀྲུང་དབྱང་གིས་རུལ་རྒོལ་བཀོད་སྒྲིག་གི་ལས་རིམ་གལ་ཆེན་ཞིག་ཡིན་པ་དང་། ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཀྲུང་དབྱང་གི་སྟག་འཛིན་རུལ་རྒོལ་ལས་དོན་ལ་གསར་ལམ་ཁག་ཏུ་དོ་སྣང་ཆེན་པོ་བྱས་ཡོད་ཅིང་གྲུབ་འབྲས་ཡང་མི་དམན་པ་ལོན་ཡོད། དེ་ལྟར་ནའང་ཀྲུང་དབྱང་གི་རུལ་རྒོལ་ལས་དོན་གྱི་ཆོད་སེམས་དང་བསྡུར་ན་གཞི་རིམ་ས་ཁུལ་དུ་རུལ་རྒོལ་ལས་དོན་ཐད་ཧུར་སེམས་ཡིད་ཚིམ་པ་ཞིག་མེད་པར་འདྲ་ལ། ཐ་ན་ས་ཆ་ཁ་ཤས་སུ་འགན་ཁུར་འགྲུབ་ཐབས་ཙམ་བྱས་འདུག དེའི་ཐད་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་དྲ་བར་རུལ་རྒོལ་ནི་ཀྲུང་དབྱང་གཅིག་པུར་བརྟེན་པ་ཙམ་གྱིས་ཚར་གཅོད་བྱེད་ག་ལ་ཐུབ་ཅེས་ལྡོག་འདྲི་བྱས་ཡོད་པ་རེད།

ལོ་ངོ་གཉིས་ལྷག་རིང་གི་སྟག་འཛིན་གྱི་ཟིལ་ཤུགས་ལ་བརྟེན། མིག་སྔར་རུལ་རྒོལ་ལས་དོན་དེ་ཡུལ་ལུང་ཀུན་ལ་ཁྱབ་ནས་མི་མང་གི་ཉེ་འགྲམ་གྱི་རུལ་སུངས་སྤྱོད་ངན་མཐའ་དག་ཐག་གཅོད་བྱེད་པའི་གནད་འགག་གི་དུས་སུ་སླེབས་ཡོད་པ་དང་། དམིགས་འབེན་འདི་འགྲུབ་དགོས་ན་ཀྲུང་དབྱང་གི་སྟོབས་ཤུགས་རྐྱང་པར་བརྟེན་ན་ནི་འགྲུབ་ཤིན་ཏུ་དཀའ་བས། རུལ་རྒོལ་གྱི་ལས་སྒོར་སྟོབས་ཤུགས་དེ་ལས་ལྷག་པ་སྐྱེད་བསྲིངས་བྱེད་དགོས་པ་རེད།

ཀྲུང་དབྱང་གིས་ཞིང་ཆེན་རིམ་པའི་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་འཕྲོ་རིམ་འཕྲོར་བརྗེས་ནས་སྒྲིག་བཤེར་གྱི་སྒྲིག་ཁོངས་ཕྱིའི་མི་སྣ་མང་པོ་གོང་སྒྲིག་བྱས་པ་ནས་འགོ་བརྩམས་ཏེ། རུལ་སུངས་ཀྱི་འབྲེལ་བ་གཏན་འཁེལ་དག་ཚར་གཅོད་བྱེད་རྒྱུ་མ་ཟད། དེ་སྔོན་རུལ་སུངས་ཁྲོད་མིག་གིས་མཐོང་པ་དག་དོ་དམ་བྱེད་མི་ཐུབ་པ་དང་དོ་དམ་བྱེད་ཐུབ་པ་དག་མིག་གི་མི་མཐོང་པའི་དཀའ་གནད་ཐག་གཅོད་བྱས་འདུག

རུལ་སུངས་བྱེད་མི་ཕོད་པའི་ལས་ཀར་གྲུབ་འབྲས་ལོན་ཡོད་པ་དང་། རུལ་སུངས་བྱེད་མི་རུང་པ་དང་རུལ་སུངས་བྱེད་མི་འདོད་པ་དེ་ལས་རིམ་དུ་བཀོད་སྒྲིག་བྱས་འདུག

མི་དོན་བཀོད་སྒྲིག་བྱེད་ཚད་ཇེ་མགྱོགས་སུ་གཏོང་ཞོར། ཀྲུང་དབྱང་གིས་ལམ་ལུགས་ངོས་ཐད་ཀྱི་ལས་ཀར་འགོ་བརྩམས་ཏེ། རུལ་སུངས་བྱེད་མི་ཕོད་པ་ནས་རུལ་སུངས་བྱེད་མི་འདོད་པ་དང་། རུལ་སུངས་བྱེད་མི་རུང་པའི་ཕྱོགས་སུ་འགྱུར་བ་གཏོང་པར་རྟིང་སྐུལ་བྱས།

ཉེ་ལམ་ཝང་ཆི་ཧྲན་གྱི་གསུངས་བཤད་ཁག་ལས་ལམ་ལུགས་འཛུགས་བསྐྲུན་ལ་མཐོང་ཆེན་བྱེད་བཞིན་པ་མཚོན་ཏེ། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་དྲ་བར་སྤེལ་བ་ལྟར་ན། ཟླ༥པའི་ཚེས༨ནས་ཚེས༡༠ཉིན་བར། ཝང་ཆི་ཧྲན་གྱིས་ཀྲེ་ཅང་ས་ཁུལ་རྟོག་ཞིབ་གནང་སྐབས།“ཏང་གི་སྒྲིག་ཡིག་དང་གཏན་འབེབས་ཀྱི་གོ་རྟོགས་ཇེ་མཐོར་བཏང་ནས་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་བྱེད་རྒྱུ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིལ》ལ་བཟོ་བཅོས་ལེགས་པོ་བཏང་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་བཅའ་ཁྲིམས་ཀྱི་སྔོན་དུ་འགྲེངས་ཐུབ་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་བསྐྲུན་དང་རུལ་རྒོལ་འཐབ་རྩོད་ཀྱ་མདུན་བསུ་དགོས”ཞེས་བསྟན་བྱུང་།

སྐད་ཆ་འདི་ལས་ཕྱིས་འབྱུང་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་ངེས་པར་དུ་བཟོ་བཅོས་རྒྱག་སྲིད་པ་རྟོགས་ཐུབ་ལ། ཝང་ཆི་ཧྲན་གྱིས་ཐེངས་འདིའི་བཟོ་བཅོས་སུ་ཕྱོགས་གཅིག་ནས་སྒྲིག་སྲོལ་དང་ཁྲིམས་ལུགས་གཉིས་ཐད་ཀྱི་ནང་དོན་བསྐྱར་ཟློས་དག་བཟོ་བཅོས་བརྒྱབ་ནས། “སྒྲིག་ལམ”དང“སྒྲིག་ཁྲིམས”དབྱེ་བ་མི་དགར་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། གཉིས་ནས་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ཞིབ་ཕྲ་ཅན་དང་འབུར་དུ་ཐོན་པར་བྱས་ནས་ཏང་གི་སྒྲིག་ཁྲིམས་སྔར་བས་མངོན་གསལ་ཡིན་དགོས་ཞེས་དམིགས་སུ་བསྟན་བྱུང་།

དེ་མཚུངས་སུ་རུལ་རྒོལ་ལས་དོན་ལམ་ལུགས་ཅན་དུ་སྐུལ་འདེད་བྱེད་སྒང་ཡིན་ཏེ། ད་ལོའི་ཟླ༤པར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཁང་གིས《ཞིང་ཆེན(རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར)གྱི་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་དང་། ཧྲུའུ་ཅི་གཞོན་པའི་འོས་མི་འདེམས་སྟངས་དང་བརྟག་ཞིབ་བྱ་ཐབས(ཚོད་ལྟའི་ལག་བསྟར)》དང་《ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་མངགས་པའི་སྒྲིག་བཤེར་ཙུའུ་ཡི་ཙུའུ་ཀྲང་། ཙུའུ་ཀྲང་གཞོན་པའི་འོས་མི་འདེམས་སྟངས་དང་བརྟག་ཞིབ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》《ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པའི་འོས་མི་འདེམས་སྟངས་དང་བརྟག་ཞིབ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》པར་འགྲེམས་གནང་། འོས་མིར་བརྟག་ཞིབ་བྱེད་ཐབས་འདི་གསུམ་གྱིས་གོང་རིམ་སྒྲིག་བཤེར་ཨུ་ལྷན་གྱིས་གཤམ་གྱི་སྒྲིག་བཤེར་ཨུ་ལྷན་གྱི་འགོ་ཁྲིད་ཀྱི་ནུས་པར་ཤུགས་སྣོན་བྱས་ནས། སྒྲིག་བཤེར་སྡེ་ཚན་གྱི་རིམ་པ་གཅིག་པའི་ཏང་ཨུད་ལ་ལྟ་སྐུལ་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་པ་ནི་གདོན་མི་ཟའོ། “མི་སྣ་འདེམས་པ་དང་བཀོལ་སྤྱོད་ལ་དོ་དམ་ལེགས་པོ་བྱས་པ་ཡིན་ན་ནི་ཆེས་གཞི་རྩའི་ལས་དོན་ལ་དོ་དམ་བྱས་པ་ཡིན་ལ”ལམ་ལུགས་ཀྱིས་མི་སྣ་འདེམས་པ་དང་བཀོལ་སྤྱོད་ལ་དོ་དམ་བྱས་པ་ཡིན་ན། ཆེས་རྩ་བའི་གནད་དོན་ལ་དོ་དམ་བྱེད་པའི་ནུས་པ་མངོན་གསལ་གྱིས་ཇེ་མཐོར་གཏོང་ཐུབ་པ་རེད། དེ་བས་ན། དེ་ནི་སྟག་རྒན་བརྒྱར་རྡུང་རྡེག་བྱས་པ་ལས་ཀྱང་ཕན་ཁེ་ལྡན་པའི་ལས་རིམ་ཞིག་དང་། དེའི་དོན་སྙིང་ནི་རུལ་རྒོལ་གྱི་གནོད་སྐྱོན་འགའ་ཚར་གཅོད་བྱས་པ་ལས་ཀྱང་གལ་ཆེན་པོ་ཡོད་པ་རེད། ཕྱིས་སུ་སྒྲིག་བཤེར་ཨུ་ལྷན་ལ་མཚོན་ན། སྟག་རྒན་ག་ཚོད་དང་སྟག་རྒན་གཟུགས་བོངས་ག་འདྲ་ཞིག་ལ་རྡུང་རྡེག་བྱེད་པ་ལས་ལམ་ལུགས་འཛུགས་བསྐྲུན་གྱིས་ནུས་པ་གོ་ཆོད་ཐོན་རྒྱུ་ནི་ལས་རིམ་ཁྲོད་ཀྱི་གནད་དམ་པ་ཞིག་རེད་དོ། མི་དམངས་དྲ་བར་རུལ་རྒོལ་གྱི་གནོན་ཤུགས་ཤིན་ཏུ་ཆེ་ནའང་དེ་ནི་ཐེག་མི་ནུས་པའི་ཚོད་དུ་སླེབས་མེད་ཅེས་བཀོད་པར། བློ་མཐུན་ཞིས་ཅིན་ཕིང་གིས་“གང་ཞིག་ཁྲིམས་ལུགས་དང་འགལ་བ་ཡིན་ཚེ་འགན་འཁྲི་རྩད་གཅོད་དང་ཐག་གཅོད་བྱེད་དགོས། དེ་ལྟར་བྱས་ཚེ་གནམ་རྒན་མ་རྡིབ་མི་སྲིད”ཅེས་གསུངས་པ་ནང་བཞིན་རེད། དེ་བས་ན་རུལ་རྒོལ་གྱི་ལས་རིམ་འདི་ཡང་ལག་བསྟར་བྱེད་དགོས་པ་ཞིག་ལས་རྣམ་པ་ཙམ་བརྒྱུད་པ་ཞིག་མིན། རུལ་རྒོལ་གྱི་གནད་དོན་ཐད། ཀྲུང་དབྱང་གི་རེ་བ་ནི་ཁྱོན་ཡོངས་ནས་རྒྱལ་ཁ་ལོན་རྒྱུ་དེ་ཡིན་པ་ལས་མིག་སྔའི་རྒྱལ་ཁ་ཆུང་ངུ་ཙམ་གྱིས་ཀྲུང་དབྱང་བློ་ཡིད་ཚིམ་མི་སྲིད་པའོ།

དེར་བརྟེན། རུལ་རྒོལ་བྱེད་ཤུགས་དང་གོམ་འགྲོས་ལ་འགྱུར་བ་གང་ཡང་མི་གཏོང་པ་དང་མཉམ་དུ། རུལ་རྒོལ་གྱིས་ཐབས་ཇུས་ཐད་ཀྱང་གནས་བབ་དང་བླང་བྱ་ལྟར་འགྱུར་བ་ཅུང་ཙམ་རེ་འབྱུང་སྲིད།

ཐོག་མར། སྟག་རྒན་ངེས་པར་དུ་རྡུང་པའི་སྔོན་འགྲོའི་ཆ་རྐྱེན་འོག མང་ཚོགས་སུན་པོ་བཟོས་པའི་སྐྱག་སྦྲང་ཚར་གཅོད་བྱེད་ཐད་འབད་བརྩོན་བླ་ལྷག་བྱེད་དགོས་པ་མ་ཟད། གཞུང་གཉེར་ཁེ་ལས་དང་གཞི་རིམ་ནི་ཕྱིས་འབྱུང་རུལ་རྒོལ་གྱི་གནད་གཙོ་བོར་འཛིན་དགོས།

གཉིས་ནི་། རྩ་བ་དག་ཐེར་བྱེད་པ་དང་ཆབས་ཅིག ཀྲུང་དབྱང་གིས་ལམ་ལུགས་འཛུགས་བསྐྲུན་ལ་སྔར་ལས་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་དེ། རྗེས་ཕྱོགས་རུལ་སུངས་བྱེད་འདོད་པའི་དཔོན་རིགས་དཀའ་ངལ་ཆེན་པོར་འཕྲད་དུ་འཇུག་དགོས།

འབྲེལ་ཡོད་རྩོམ་ཡིག