ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མཚོ་སྔོན་མཚོ་ནུབ་ཁུལ་གྱི་ཉེན་རྟོག་པ་ཞིག་རི་དྭགས་ལྐོག་རྔོན་གྱི་ཉེས་མིང་ཐོག་འཛིན་བཟུང་བྱས།

2015-05-25

པོད་འཕྲིན་ལས་བཤུས་པའི་པར།

ཟླ ༥ བའི་ཚེས ༢༣ ཉིན་ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན་དུ། དྲ་གྲོགས་ཤིག་གིས་དྲ་ལམ་དུ་སྤེལ་བའི་ནང་དོན་ལ་གཞིགས་པ། ཟླ ༥ བའི་ཚེས ༢༢ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ལུང་དམར་ཤང་མངག་གཏོང་ཁང་གི་ཉེན་རྟོག་པ་ཞིག་གིས་རི་སྐྱེས་སྲོག་ཆགས་ལྐོག་རྔོན་བྱས་པའི་སྐོར་གྱི་གྱོད་གཞི་ཞུ་གཏུག་བྱས་འདུག ཚེས ༢༤ ཉིན་གྱི་ཆུ་ཚོད ༢༢ དང་སྐར་མ ༣༦ ཐོག་ཤིན་ཧྭ་གསར་ལམ་དུ། མངག་གཏོང་ཁང་དེ་གའི་འགོ་གཙོ་མཱ་ཡོང་མེང་གིས་ཁྲིམས་འགལ་གྱིས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་སྲོག་ཆགས་རྩ་ཆེན་རིགས་ལྐོག་རྔོན་བྱས་ཡོད་ཅིང་། མིག་སྔར་ཁྲིམས་ལྟར་ཉེས་ཆད་ཕོག་ནས་འཛིན་བཟུང་བྱས་ཡོད་པ་དང་། འབྲེལ་ཡོད་གནས་ཚུལ་ད་དུང་རྩད་ཞིབ་བྱེད་སྒང་ཡིན་ཞེས་གནས་ཚུལ་སྤེལ་འདུག

པོད་འཕྲིན་གྱི་མིང་ལ་ཁ་བའི་རྣམ་ཤེས་འབོད་པ་ཞིག་གིས་ཟླ ༥ བའི་ཚེས ༢༣ ཉིན་གྱི་ཆུ་ཚོད ༨ དང་སྐར་མ ༤༣ སྟེང་། མཚོ་སྔོན་ཐེམ་ཆེན་རྫོང་ལུང་དམར་ཤང་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁྲིམས་འགལ་གྱིས་དགོ་བ་དང་། རྐྱང་། རྒོད་ལ་སོགས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་བྱེད་པའི་རི་དྭགས་རྩ་ཆེ་རིགས་དུ་མ་ལྐོག་གསོད་བྱས་འདུག་ཅིང་། ཟླ ༥ བའི་ཚེས ༢༢ ཉིན་ས་གནས་མང་ཚོགས་ཀྱིས་ངན་སྤྱོད་དེའི་སྐོར་རྫོང་སྤྱི་བདེ་ཅུས་ལ་ཞུ་གཏུག་བྱས་འདུག་པས། ཚང་མས་དོ་སྣང་བྱེད་རོགས་གལ་ཞེས་འབོད་སྐུལ་བཏང་འདུག་པ་དང་། དེ་མཚུངས་སུ་ཐེམ་ཆེན་རྫོང་སྤྱི་བདེ་ཅུས་ལུང་དམར་མངག་གཏོང་ཁང་གི་སྒོ་བྱང་དང་། ཨང་རྟགས“མཚོ་སྔོན O•A5898”ཅན་གྱི་ཧྥན་ཐིན་རླངས་འཁོར་གཅིག གཞན་མི་དམངས་ཉེན་རྟོག་པ་དང་། མང་ཚོགས། མངག་གཏོང་གི་སྒོ་ཁར་བཞག་པའི་རི་དྭགས་ཀྱི་བེམ་རོ། མངག་གཏོང་ཁང་ག་གེ་མོ་ཞིག་གི་གཞུང་སྒྲུབ་སྒྲོག་ཙེ་སྟེང་ཡོད་པའི་རི་དྭགས་ཀྱི་མགོ་བོའི་འདྲ་པར་གཅིག རི་དྭགས་ཀྱི་པགས་པ་བཤུ་བཞིན་པའི་འདྲ་པར་གཉིས། འཁྱགས་སྒམ་དུ་རི་དྭགས་ཀྱི་ཤ་ཉར་བའི་འདྲ་པར་གཅིག་བཅས་ཁྱོན་བསྡོམས་འདྲ་པར་བརྒྱད་དྲ་ལམ་དུ་བཞག་འདུག

ཟླ ༥ བའི་ཚེས ༢༤ ཉིན་དྲ་གྲོགས་བཀྲ་བྷ31563ཞེས་པ་ཞིག་གིས་ཆུ་ཚོད ༨ དང་སྐར་མ ༥༡ ཐོག་པོད་འཕྲིན་དེར་ལན་བསྐྱོན་པར། ༢༠༡༥ ལོའི་ཟླ ༥ བའི་ཚེས ༢༢ ཉིན་གྱི་ཆུ་ཚོད ༡༦ ཡས་མས་སུ། སྲིད་གཞུང་གི་ཞུ་གཏུག་ཁ་པར ༡༢༣༤༥ ལ་ཁ་པར་བཏང་ནས་མི་ཞིག་གིས་ལུང་དམར་ཤང་གི་མི་ལ་ལས་རི་དྭགས་ལྐོག་རྔོན་བྱེད་བཞིན་འདུག་པ་མ་ཟད། མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པའང་ལྐོག་རྔོན་ལ་ཞུགས་འདུག་བཅས་རི་དྭགས་བསད་པའི་འདྲ་པར་དང་བཅས་བཀོད་ཡོད་ལ། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞུ་གཏུག་དང་ལེན་བྱས་རྗེས་ལམ་སེང་འབྲེལ་ཡོད་ཚན་པར་ལས་ཀ་བཀོད་སྒྲིག་གནང་བ་དང་། རྫོང་ནགས་ལས་སྤྱི་བདེ་ཡན་ལག་ཅུས་ཀྱིས་གཙོ་འགན་འཁུར་ནས་རྩད་ཞིབ་དང་། སྤྱི་བདེ་ཅུས་ཀྱིས་རམ་འདེགས་ཀྱིས་གྱོད་དོན་རྩད་ཞིབ་བྱེད་པའི་འགན་སྤྲད་འདུག་ཅེས་བཀོད།

ཆུ་ཚོད ༨ དང་སྐར་མ ༥༢ ཐོག དྲ་གྲོགས་དེས་ཡང་བསྐྱར་ལན་བསྐྱོན་རྒྱུར། རྫོང་ནགས་ལས་སྤྱི་བདེ་ཅུས་ཀྱིས་ད་ལྟ་ཁྲིམས་འགལ་གྱིས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་བྱ་ཡུལ་གཙོ་བོར་གྱུར་བའི་ཉམས་ཉེན་ཆེ་བའི་རི་དྭགས་རྩ་ཆེ་རིགས་ལྐོག་རྔོན་བྱས་པའི་ཉེས་དམིགས་ལ་རྩད་ཞིབ་བྱེད་སྒང་ཡིན་ལ། མིག་སྔར་རྫོང་སྤྱི་བདེ་ཅུས་ཀྱིས་དོགས་ཡོད་ཉེས་ཅན་མི་དམངས་ཉེན་རྟོག་པར་ལས་མཚམས་བཞག་ནས་གྱོད་གཞི་ལ་རྩད་ཞིབ་བྱེད་སྒང་ཡིན་ཞེས་གནས་ཚུལ་བརྗོད་འདུག ཚེས ༢༤ ཉིན་གྱི་དགོང་མོར་གསར་ལམ་ནས་འཕྲིན་སྤེལ་བ་ལྟར་ན། ཐེམ་ཆེན་རྫོང་ནགས་ལས་སྤྱི་བདེ་ཅུས་ཀྱི་འགན་འཁུར་བ་ཞིག་གིས་འདི་སྐད། ཅུས་ནང་ཁུལ་ནས་ཉེས་ཅན་ཉེན་རྟོག་པ་དེ་དག་གི་ལས་མཚམས་གཅོད་རྒྱུ་ཐག་བཅད་ཚར་ཡོད་ཟེར། ཐེམ་ཆེན་རྫོང་སྤྱི་བདེ་ཅུས་གཞུང་སྒྲུབ་ཁང་གི་ལས་བྱེད་པས་བཤད་པ་ལྟར་ན། གྱོད་གཞི་དེ་ནགས་ལས་སྤྱི་བདེའི་དོ་དམ་ཁོངས་གཏོགས་ཡིན་པས། ཐེམ་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས་རམ་འདེགས་གང་ལེགས་བྱེད་ངེས་ཟེར། ཚེས ༢༣ ཉིན་ལྟ་ཞིབ་ཁང་གིས། ད་ཆ་མངག་གཏོང་ཁང་གི་འགོ་གཙོ་མཱ་ཡི་ལས་མཚམས་འཇོག་དགོས་སྐོར་གྱི་ཡིག་ཆ་འབྱོར་ཡོད་པ་མ་གཏོགས་ཉེས་ཅན་གཞན་དག་གི་ཆད་པ་ད་དུང་ཐག་བཅད་མེད་ཟེར།

རང་རྒྱལ་གྱི་《ཉེས་ཁྲིམས》དོན་ཚན༣༤༡ནང་། ཁྲིམས་འགལ་གྱིས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་སྟེ། ཉམས་ཉེན་ཆེ་བའི་རི་དྭགས་རྩ་ཆེན་རིགས་ལྐོག་རྔོན་དང་། ཉོ་ཚོང་། སྐྱེལ་འདྲེན། དེ་ལས་བཟོས་པའི་ཐོན་རྫས་རྒྱལ་ཕྱིར་འཚོང་བ་སོགས་ཀྱི་བྱས་ཉེས་ལ་ལོ་ལྔ་མན་གྱི་དུས་བཀག་བཙོན་འཇུག་དང་མ་དངུལ་གྱི་ཆད་པ་གཅོད་རྒྱུ་དང་། གལ་ཏེ་ཉེས་འབྲས་ཚབས་ཆེ་ན་ལོ་ལྔ་ནས་བཅུ་བར་གྱི་དུས་བཀག་བཙོན་འཇུག་དང་མ་དངུལ་གྱི་ཆད་པ་གཅོད་རྒྱུ། ཉེས་འབྲས་ཤིན་ཏུ་ཚབས་ཆེ་བ་ལ། ལོ་བཅུ་ཡན་གྱི་དུས་བཀག་བཙོན་འཇུག་དང་མ་དངུལ་གྱི་ཆད་པ་གཅོད་རྒྱུ་མ་ཟད། རྒྱུ་ནོར་ཡོད་ཚད་གཞུང་བཞེས་སུ་ལེན་རྒྱུ་ཐག་བཅད་ཡོད། རི་དྭགས་རྔོན་པའི་སྒྲིག་སྲོལ་དང་འགལ་ཞིང་། རི་དྭགས་རྔོན་མི་རུང་བའི་གནས་དང་དུས་སུ། བཀོལ་མི་རུང་བའི་ལག་ཆ་དང་ཁྲིམས་འགལ་གྱི་བྱེད་ཐབས་ཅི་རིགས་བཀོལ་ནས་རི་དྭགས་རྔོན་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་གཏོར་བརླག་ཐེབས་པའི་མཇུག་འབྲས་ཚབས་ཆེན་ཅན་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་། མ་དངུལ་གྱི་ཆད་པ་གཅོད་རྒྱུ་ཐག་བཅད་ཡོད།

པོད་ཕྲན་ལས་བཤུས་པའི་པར།

འབྲེལ་ཡོད་རྩོམ་ཡིག