ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

འཛམ་གླིང་དུ་ལག་དངུལ་མི་སྤྱོད་པའི་རྒྱབ་ཁབ་ཐོག་མ་ཏེན་མག་ཆགས་རྒྱུ་ཡིན་ངེས།

2015-05-28 སྒྲོལ་མ་སྐྱབས།
   མ་འོངས་པར་ཏེན་མག་ལ་ཡུལ་སྐོར་དུ་འགྲོ་བར་དངུལ་ལོར་བརྗེ་བསྒྱུར་གྱི་དཀའ་རྙོག་མེད་པས་ན་དངུལ་བྱང་དང་ཁ་པར་གྱི་ལམ་ནས་ཁྲོམ་རར་ཚོང་རྒྱག་ཐུབ་རྒྱུ་ཡིན་འདུག 
ལག་དངུལ་མི་བསྡུ་བ།
   ཏེན་མག་རྒྱབ་ཀྱི་ཕན་བདེ་མཐོ་བས་དམངས་ཀྱིས་ལག་དངུལ་སྤྲོད་མི་དགོས་པ་ཡིན་འདུག
   དབྱིན་ཇུའི་འཕྲོད་ཚགས་སུ་བཀོད་དོན། ཕྱོགས་གང་ཐད་ནས་ལག་དངུལ་སྤྱོད་བདེ་བོ་མིན་པས། ཏེན་མག་ཚོང་ཚོགས་ཀྱིས་སིལ་འཚོང་ཁང་དང་ཞབས་ཞུ་ལས་རིགས་སུ་ལག་དངུལ་མི་སྤྱོད་པའི་དབང་ཆ་ལྡན་དགོས་པར་གྲོས་འདོན་བྱས་འདུག  ཉེ་ཆར་ཏེན་མག་སྲིད་གཞུང་ནས་གྲོས་གཞི་རབ་དང་རིམ་པ་ཞིག་བཏོན་ཞིང་དེ་རུ་སིལ་འཚོང་ཁང་དུ་ལག་དངུལ་གཏན་ནས་བསྡུ་རྒྱུ་མིན་ཚུལ་དང་དངུལ་སྤྲོད་ཆས་དང་དངུལ་བྱང་གི་ལམ་ཁོ་ན་ནས་ཉོ་ཚོང་སྤེལ་རྒྱུ་ཡིན་ཚུལ་བཀོད་འདུག རྒྱལ་ཚོགས་ནས་གྲོས་གཞི་འདིར་ཆོག་མཆན་ཐོབ་ཚེ་2016ལོའི་ཟླ་1པོ་ནས་མགོ་བརྩམས་ཏེ་རྒྱན་གོས་ཚོང་ཁང་དང་ཟ་ཁང་། སྣུམ་ཚུགས་ནས་དངོས་སུ་ལག་ཏུ་བསྟར་ནས་ཏེན་མག་ནི་འཛམ་གླིང་གི་ལག་དངུལ་མི་སྤྱོད་པའི་རྒྱལ་ཁབ་ཅིག་ཏུ་ཆགས་རྒྱུ་ཡིན་འདུག  གཞན་ཡང་སྦྲགས་ཁང་དང་སྨན་ཁང་། སོ་ནད་སྟོན་ས་དང་འཕུར་མཉེད་ཁང་གིས་སྔར་བཞིན་ཏེན་མག་དངུལ་ལོར་སྤྱོད་རྒྱུ་ཡིན་འདུག 
   ཏེན་མག་ཏུ་སྡོད་པའི་ཀྲུང་གོ་བ་ཞིག་གིས་བཤད་དོན་འདི་ལ་ཆ་རྐྱེན་གང་མང་ཞིག་ལྡན་འདུག་སྟེ།  གཅིག་ནི་ཏེན་མག་ལ་མཚོན་ན་མི་གྲངས་མང་པོ་མེད་པས་གྲངས་ཀ་ཅན་དུ་ཕྱོགས་པའི་རིམ་པ་ཧ་ཅང་མཐོ།ཏེན་མག་དངུལ་ཁང་ནས་བསྒྲགས་དོན་ཏེན་མག་རྒྱལ་ཡོངས་སུ་མི་གྲངས་ས་ཡ་5དང་འབུམ་6ལྷག་ཡོད་ཅིང་མི་གྲངས་ས་ཡ་2གྱིས་དངུལ་ཁང་དེ་གའི་ཁ་པར་ལམ་གྱི་སྤྲོད་ལུགས་དེ་སྤྱོད་བཞིན་པས་དངུལ་ཁང་གཅིག་ཁོ་ན་ནས་སྤྱོད་པའི་མི་གྲངས་ཀྱིས་རྒྱལ་ཡོངས་མི་གྲངས་ཀྱི་ཕྱེད་ཀ་ཟིན་འདུག གཉིས་ནི་ཏེན་མག་གི་ཕན་བདེ་ཧ་ཅང་མཐོ་བས་རྒན་གསོ་དང་སྨན་རིན་སོགས་རྒྱལ་ཁབ་ཀྱིས་འགན་དུ་བླངས་ཡོད་ཕྱིན་ལག་དངུལ་སྤྱོད་དོན་མི་འདུག་ཟེར།

འཚོ་བ་ལ་འཇུག་པར་སྟབས་བདེ་བཟོས་འདུག
ཆོས་ཁང་གི་འགྲམ་ནའང་དངུལ་བསྡུ་ཆས་བཙུགས་ཡོད།
   མིག་སྔར།  ཏེན་མག་རྒྱབ་ཁབ་ཀྱིས་ལག་དངུལ་སྤྱོད་ཚད་ཇེ་དམའ་དང་། དངུལ་བྱང་དང་དངུལ་སྤྲོད་ཆས་ཀྱི་རྣམ་པ་དེ་སྤྱི་ཚོགས་ཡོངས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་ཆགས་ཀྱིན་འདུག 2012ལོའི་ད་བར་དུ་ཏེན་མག་རྒྱབ་ཁབ་ཀྱི་84.2%ཡི་ཉོ་ཚོང་དངུལ་བྱང་ཁོ་ན་ལས་སྤེལ་ཞིང་།  གློག་རྡུལ་རྣམ་པའི་དངུལ་ལོར་སྤྲོད་ལུགས་དེ་ཏེན་མག་པ་ཚོའི་འཛད་སྤྱོད་རྣམ་པ་གཙོ་བོ་ཞིག་ཏུ་གྱུར་འདུག་ལ་བྱང་བུ་གཅིག་གིས་རླངས་འཁོར་ལ་འདུག་པའམ་ཡུལ་སྐོར། ཁྲོམ་ར་སོགས་སུ་རང་འདོད་དུ་ཉུག་ཆོག་པར་བྱས་འདུག
   དེ་ལ་ཏེན་མག་གི་མང་ཚོགས་ཤིག་གིས་བཤད་དོན། ན་ནིང་ངས་ཕྱི་རྒྱལ་དུ་ལག་དངུལ་སྤྱད་པ་མ་གཏོགས་རང་རྒྱལ་དུ་བྱང་བུ་དང་ཁ་པར་གྱིས་ཆོག་འདུག་ཟེར། ཏེན་མག་ཁྲོམ་གསེང་དུ་ཚོང་རྒྱག་པས་དངུལ་བསྡུ་ཆས་ཐོགས་ཡོད་ཅིང་། ཆོས་ཁང་གི་འགྲམ་དུའང་དངུལ་བསྡུ་ཆས་བཙུགས་ནས་དལ་ལྡན་པས་དཀར་ཐིགས་རྒྱག་པར་སྟབས་བདེ་བཟོས་འདུག   ཆོས་དཔོན་ཞིག་གིས་བཤད་དོན་དད་ལྡན་པ་མང་པོ་ཞིག་གི་སེམས་ན་དཀར་ཐིགས་རྒྱག་འདོད་ཀྱི་འདུན་པའི་བརྟས་ཡོད་ནའང་ལག་དངུལ་བཟུང་མེད་པས་ཁོ་ཚོས་ང་ལ་དངུལ་བསྡུ་ཆས་ཤིག་གཟུགས་དགོས་ཚུལ་ལབ་ཅིང་དད་ལྡན་པ་དག་ལ་མཚོན་ན་དེ་དོན་ངོ་མ་སྟབས་བདེ་བཟོས་པ་རང་རེད་ཟེར།  

བློ་བདེ་མོའི་ངང་དངུལ་སྤྲད་ཆོག་པ།
ཇག་རྐུན་གྱི་ལམ་བུ་རྦད་ཀྱིས་བཅད་པས་འཕྲོག་བཅོམ་གྱི་འཇིགས་པ་ཡེ་ནས་སངས།
   དེ་ལྟར་བྱས་ཚེ་ལས་ཆོད་ཇེ་མཐོ་དང་འཕྲོག་བཅོམ་ཇེ་ཉུང་དུ་གྱུར་ཏེ་ཇག་རྐུན་གྱི་དཔུང་སྡེ་ཚར་གཅོད་བྱས་པ་རེད།ཏེན་མག་གི་ཚོང་གཉེར་པ་ཞིག་གིས་བཤད་དོན་ཚོང་རྒྱག་རྣམས་ལ་དངུལ་ལོར་སློག་རྒྱུ་དེ་ཁག་ཆེ་བར་མ་ཟད་ཇག་རྐུན་གྱི་འཇིགས་པའང་ཆེ་བས་འདི་ལྟར་བྱས་ཚེ་བརྒྱ་ལ་འཕྲོག་བཅོམ་གྱི་དགྲ་རེ་ལྡིང་བྱུང་ནའང་གློག་རྡུལ་ཉོ་ཚང་གི་ཟིན་ཐོ་ལྟར་ཇག་རྐུན་གྱི་རྔ་མ་གཅོད་རྒྱུ་ནི་སླ་མོ་ཡིན་ཟེར། འདིའི་ཕྱོགས་ཀྱི་ཆེད་མཁས་པ་ཁར་སེན་གྱིས་བཤད་དོན་ལག་དངུལ་སྤྱོད་ཚུལ་ཇེ་དམར་བཏང་ན་ང་ཚོ་སུ་ལ་མཚོན་ནའང་འཇིགས་པ་སྣ་ཚོགད་དང་གཡོལ་ནས་འགྲོ་བ་དང་མཚུངས་ཤིང་། འཕྲོག་བཅོམ་གྱི་རྣམ་པའང་ཇེ་ལེགས་སུ་ཡོང་ངེས་ཡིན་ཟེར།
   གཞན་ཡང་དོ་སྣང་སྤྲད་དགོས་པ་ཞིག་ལ་དེ་དག་ཇེ་ལེགས་སུ་སོང་བ་དང་མཉམ་དུ་ཏེན་མག་གི་ཡིད་རྟོན་བྱང་བུ་རྐུན་མར་ཤོར་བ་དང་གཡོ་ལེན་བྱས་པའི་ཉེས་དོན་ཇེ་མང་དུ་འགྲོ་བཞིན་འདུག 

དངོས་ཡོད་དང་འགྲན་སློང་པ།
རྒན་པོ་ཚོའི་སེམས་ལ་ཁོ་ཚོ་ནི་འཚོ་བའི་ཕྱི་ལོགས་སུ་སྤྱུགས་ཀྱིན་འདུག་སྙམ། 
   རྒྱལ་ཁབ་ཅིག་ལ་ལག་དངུལ་སྤྱོད་པའི་རྣམ་པ་མེད་སོང་ཚེ་དེ་ནི་ག་འདྲ་ཞིག་ཏུ་འགྱུར་སྲིད་དམ། དེ་ལ་ཐོག་མར་མི་མང་པོ་ཞིག་གི་ལས་ཀ་ཤོར་སྲིད་དེ།  དཔེར་ན།དངུལ་ཁང་གི་ལས་གཉེར་བ་དང་རྩིས་བཤེར་བ། དེ་མིན་ཁ་པར་སྤྱོད་མི་ཤེས་པའི་རྒད་པོ་རྒན་མོ་ཚོས་སྔོ་ཚོད་ཉོ་བར་འ་ཆད་འུ་ཐུགས་སུ་གཏད་ཡོད་ལ།དེ་ལས་ཀྱང་སྲང་བར་གྱི་སློང་མོ་བ་དང་ལམ་མདོའི་འཕྲུལ་རྩེད་བ་དག་གིས་ཉི་མ་འཕུལ་ཐབས་མེད་ཅིང་།གཞན་ཡང་མི་ཚོས་ཁ་པར་བསྣོག་ཐེངས་ཇེ་མང་དུ་སོང་བར་བརྟེན་འཁོར་གེག་བྱུང་ཚད་ཀྱང་ཇེ་མང་དུ་འགྲོ་སྲིད་པས།  དེ་ལ་ཀྲུང་གོའི་དྲ་གྲོགས་ཤིག་གིས་སེམས་ཁུར་གྱི་ཚུལ་གྱིས་ན་རེ། གློག་ཆད་སོང་ན་ཅི་ཞིག་བྱ་ཟེར།
   ལག་དངུལ་མི་སྤྱོད་པའི་སྤྱི་ཚོགས་ཟེར་ན་ཇི་འདྲའི་སྙན་མོ་ཞིག་རེད་ཨང་། ལོན་ཏོན་ཁེ་སི་ཚོང་དོན་གླིང་གི་དངུལ་རྩའི་ཆེད་མཁས་པའམ་འཆད་ཁྲིད་དགེ་རྒན་ཕེ་རྡར་གྱིས་བསྟན་དོན། འདི་ལྟར་སོང་ཚེ་སྲོལ་རྒྱུན་དང་ལོག་པར་སོང་བ་རེད་ལ་མ་གཞི་རིག་གནས་ཉིད་ལག་རྩལ་ལས་བླ་ན་མཐོ་བ་དེ་རྟོགས་དགོས་ཟེར། ཏེན་མག་གི་རྒན་རབ་པ་ཚོར་མཚོན་ནའང་འདིའི་ཕྱོགས་ལ་མི་འདྲ་བའི་ལྟ་སྟངས་འདུག  རྒྱུས་ལོན་པ་ལྟར་ན་ཏེན་མག་རྒྱབ་ཁབ་ཀྱི་ཞིང་སྡེ་མི་ཉུང་བ་ཞིག་གི་ལས་འཁྱེར་ངལ་གསོ་བས་དུས་རྒྱུན་དངུལ་བྱང་མི་སྤྱོད་ཅིང་གློག་རྡུལ་སྤྲོད་ཆས་ནི་དེ་བས་ཀྱང་མི་སྤྱོད་པས་སྲིད་གཞུང་ནས་ལག་དངུལ་མི་སྤྱོད་པའི་སྤྱི་ཚོགས་ཀྱི་གོམ་ཁ་དེ་ཇེ་དལ་གཏོང་དགོས་པའི་རེ་བ་འདོན་གྱི་འདུག   རྒན་པོ་ཞིག་གིས་བཤད་དོན་ང་ཚོ་ལོ་ལོན་ཚོས་ཀྱང་ཡིད་རྟོན་བྱང་བུ་རེ་བླངས་ཡོད་ཀྱང་ཇི་ལྟར་སྤྱོད་དགོས་པ་མི་ཤེས་པས་ལོ་ལོན་ཚོ་སྤྱི་ཚོགས་ཀྱི་མཐའ་རུ་འདེད་ཀྱིན་པ་དང་འདྲ་ཟེར། 

རྟོགས་དགོས་ས། 
གློག་རྡུལ་གྱི་སྤྲོད་སྟངས་སྣ་ཚོགས།
   ད་ལྟ་གློག་རྡུལ་གྱི་སྤྲོད་སྟངས་སྣ་ཚོགས་ཡོད་པས་མ་འོངས་པར་དེ་ནི་གོམས་སྲོལ་ལྟ་བུ་ཞིག་ཏུ་ཆགས་རྒྱུ་ཡིན་འདུག ཕྱིས་སུ་ངོ་གདུང་འདྲིལ་པའམ་མཛུབ་རིས་འདྲིལ་པ། མིག་གི་རྒྱལ་མོ་འདྲིལ་པ་སོགས་ལས་ཀྱང་འབུལ་སྤྲོད་ཐུབ་སྲིད། 
༡ངོ་གདུང་འདྲིལ་པའི་སྤྲོད་སྟངས།
   དངུལ་ལོར་སྤྲོད་ཚེ་གདུང་posཆས་ཀྱི་འཆར་ངོས་པར་མིག་ལ་གཏད་པར་མ་ལག་བརྒྱུད་ནས་མཛད་སྤྱོད་པའི་གདུང་གི་གནས་ཚུལ་དང་སྒེར་གྱི་རྩིས་ཐོ་གཅིག་ཏུ་སྦྲེལ་ངེས་ཡིན་འདུག
༢སྒྲའི་ལམ་ནས་སྤྲོད་སྟངས།
   སྒྲའི་ང་རོ་ལས་སྒྲིག་ཆས་ཕན་ཚུན་གཅིག་ཏུ་སྦྲེལ་ནུས་ཤིང་། ཁ་པར་དུ་སྒྲའི་སྤྲོད་སྟངས་ཀྱི་རྩོལ་ནུས་བླུག་ཡོད་པས་སྤྱོད་མཁན་གྱིས་ཁ་པར་སྐད་སྦུག་དངུལ་བསྡུའི་སྐད་སྦུག་ལ་གཏད་ནས་སྒྲ་བཏང་པར་དངུལ་ལོར་སྤྲོད་ཐུབ་ངེས་ཡིན་འདུག
༣རྩ་ཡི་འཕར་ཚུལ་ལ་བརྟེན་ནས་སྤྲོད་སྟངས།
   དེ་ནི་སོར་མོའི་རྩ་ལམ་ལ་བརྟེན་ནས་མཛད་སྤྱོད་པ་ངོས་འཛིན་པ་ཞིག་སྟེ་ཡིད་རྟོན་བྱང་བུ་མི་དགོས་པའི་མཛད་སྤྱོད་ཀྱི་སྤྲོད་སྟངས་རྣམ་པ་གསར་པ་ཞིག་ཡིན་འདུག
༤མིག་གི་རྒྱལ་མོར་བརྟེན་ནས་སྤྲོད་ཐབས།
   དེ་ནི་མིག་གི་རྒྱལ་མོར་བརྟེན་པའི་སྤྲོད་སྟངས་མ་ལག་ཅིག་སྟེ་མིག་ཟུང་གིས་བལྟས་པ་ཙམ་གྱིས་རང་བཞིན་གྱིས་གསང་གྲངས་བཅུག་ནས་སྤྲོད་སྟངས་ཤིག་ཡིན་འདུག  མིག་གི་རྒྱལ་མོ་ནི་རྟག་བརྟན་དུ་གནས་པས་འཛིན་མཐུ་ལ་ཟླ་དང་བྲལ་བ་ཞིག་ཡིན་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག