ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཐ་ལི་པན་གྱིས་ཀྲུང་གོའི་མི་གཏའ་བཙན་ཁྲིད་བྱས་འདྲའི་བརྙན་བཀྲམས་འདུག

2015-05-26 གཡང་སྒྲོལ།

ཐ་ལི་པན་གྱི་ཡན་ལག་རྩ་འཛུགས་ཤིག་གིས་བརྙན་ལམ་དུ་བཀྲམས་པའི་མི་གཏའ་ནི། ལོ་ངོ་གཅིག་གི་ཡར་སྔོན་དུ་ཕ་ཁི་སི་ཐན་གྱི་ནུབ་བྱང་ཕྱོགས་ནས་བཙན་ཁྲིད་བྱས་པའི་ཀྲུང་གོའི་ཡུལ་སྐོར་པ་ཞིག་དང་འདྲ་པོ་འདུག

ཤིན་ཧྭ་གསར་ཁང་གིས་བཀོད་པ་ལྟར་ན། ཕ་ཁི་སི་ཐན་གྱི་ཐ་ལི་པན་གྱི་ཡན་ལག་རྩ་འཛུགས་ཤིག་གིས་ཕྱི་ཚེས༢༤ཉིན་བརྙན་ལམ་དུ་བཀྲམས་པའི་མི་གཏའ་དེ་ནི་ལོ་ངོ་གཅིག་གི་ཡར་སྔོན་ཙམ་དུ་ཕ་ཁི་སི་ཐན་གྱི་ནུབ་བྱང་ཕྱོགས་ནས་བཙན་ཁྲིད་བྱས་པའི་ཀྲུང་གོའི་ཡུལ་སྐོར་པ་ཞིག་ཡིན་དོགས་ཆེ།

བརྙན་ལམ་དུ། མི་གཏའ་དེས་ཁོ་རང་སྐྱོབ་པའི་རེ་བ་ཞུས་འདུག་མོད་བཙན་ཁྲིད་མཁན་གྱི་ཞིབ་ཕྲའི་རེ་བའི་སྐོར་ཅི་ཡང་གླེང་མི་འདུག

བརྙན་འདི་ནི་ཐ་ལི་པན་གྱི་ཡན་ལག་རྩ་འཛུགས་ཤིག་གིས་ཨ་རིའི་མཉམ་འབྲེལ་གསར་ཁང་ལ་མཁོ་སྤྲོད་གནང་ཡིན་ཏེ། གསར་ཁང་དེ་གས་ཉིན་དེར་བརྙན་དེ་ངོ་མ་ཡིན་ཚུལ་སྐོར་ད་དུང་རྩད་ཞིབ་བྱེད་དགོས་ཞེས་བརྗོད་འདུག དེའི་ནང་གི་མི་གཏའ་ནི་ན་ནིང་ལོའི་ཟླ༥པར་ཕ་ཁི་སི་ཐན་ནས་གར་སོང་ཆ་མེད་དུ་གྱུར་པའི་ཀྲུང་གོའི་ཡུལ་སྐོར་པ་ཞིག་དང་ཤིན་ཏུ་འདྲ་པོ་འདུག

ཕ་ཁི་སི་ཐན་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་པས་བཅར་འདྲི་དང་ལེན་བྱེད་དུས། མིག་སྔར་མི་གཏའི་ཞིབ་ཕྲའི་གནས་ཚུལ་རྩད་ཞིབ་བྱེད་སྒང་ཡིན་པས། དེའི་སྐོར་ཕྱི་ཕྱོགས་སུ་བསྒྲགས་པར་སྟབས་བདེ་མ་རེད་ཅེས་བརྗོད་འདུག

ཕྱི་ལོ༢༠༡༤ལོའི་ཟླ༥པའི་ཚེས༡༩ཉིན། ཀྲུང་གོའི་ཡུལ་སྐོར་པ་ཞིག་ཕ་ཁི་སི་ཐན་གྱི་ཁེ་པོར་ཕུ་ཧྲིན་ཐུ་ཞིང་ཆེན་གྱི་རྡུ་ལ་དབྱི་སི་མེར་ཧན་ས་ཁུལ་རྡུ་ལ་གྲོང་བརྡལ་ནས་བཙན་ཁྲིད་བྱས་འདུག་ཅིང་། ཉེན་རྟོག་པས་དོན་རྐྱེན་བྱུང་ཡུལ་ནས་ཁོའི་ལམ་ཡིག་དང་། རྐང་འཁོར་བཅས་ཅ་ལག་ཁ་ཤས་རྙེད་སོན་བྱུང་ཡོད་པ་རེད།

ཤིན་ཧྭ་གསར་ཁང་གི་གསར་འགོད་པས་ཤེས་རྟོགས་བྱུང་པ་ལྟར་ན། ཡུལ་སྐོར་པ་འདི་བཙན་ཁྲིད་བྱེད་དུས་ཁོ་རང་གཅིག་པུ་རྐང་འཁོར་་བཞོན་ནས་ཡུལ་སྐོར་བྱེད་སྒང་ཡིན་པ་དང་། ན་ནིང་ལོའི་ཟླ༤པར་རྒྱ་གར་ནས་ཕ་ཁི་སི་ཐན་དུ་འབྱོར་པ་དང་། ཁོ་རང་་རྐང་འཁོར་བཞོན་ནས་ཕ་ཁི་སི་ཐན་གྱི་ཤར་ཕྱོགས་ཀྱི་ལ་པྰ་ཧ་ནས་ལྷོ་ནུབ་ཕྱོགས་ཀྱི་ཁེ་ཏར་བསྐྱོད་འཆར་འདུག

ཨ་རིའི་མཉམ་འབྲེལ་གསར་ཁང་གིས། བརྙན་འདི་མཁོ་སྤྲོད་གནང་མཁན་ནི་ཕ་ཁི་སི་ཐན་གྱི་ཐ་ལི་ཕན་གྱི་ཁོངས་སུ་གཏོགས་པའི “ཧ་ཏེ་རྡུ་དམག”ཏུ་འབོད་པའི་དྲག་ཆས་རྩ་འཛུགས་ཤིག་ཡིན་ལ། མི་གཏའ་དེ་ནི་དྲག་ཆས་རྩ་འཛུགས་དེས་ཐད་ཀར་བཙན་ཁྲིད་བྱས་པ་མ་རེད་ཅེས་གནས་ཚུལ་སྤེལ་འདུག

ན་ནིང་ལོའི་ཟླ༥པར། མི་གཏའ་འདི་བཙན་ཁྲིད་བྱས་སྐོར་སྔོན་ལ་བསྒྲགས་མཁན་ནི“ཞེ་ཧི་ལི་ཡར་མ་ཧ་སུའུ་རྡུ”ཞེས་པའི་རྩ་འཛུགས་ཤིག་ཡིན་པ་དང་། རྩ་འཛུགས་དེ་ཡང་ཕ་ཁི་སི་ཐན་གྱི་ཐ་ལི་པན་གྱི་ཡན་ལག་ཅིག་ཡིན་འདུག སྐབས་དེ་དུས། རྩ་འཛུགས་དེ་གའི་བཀོད་འདོམས་དམག་དཔོན་ཨ་བྷུ་ཏུའུ་ར་པ་ཧར་གྱིས་མི་གཏའ་དེ་བཙན་ཁྲིད་བྱས་པའི་དོན་དངོས་ཁས་ལེན་བྱས་འདུག་མོད། དེའི་རྗེས་སུ་ཨ་རིའི་དམག་སྡེའི་མི་མེད་གནམ་གྲུའི་འགད་གཏོར་ཁྲོད་པ་ཧར་བསད་འདུག

ད་ལྟའི་ཆར། “ཧ་ཏེ་རྡུ་དམག”དང“ཞེ་ཧི་ལི་ཡར་མ་ཧ་སུའུ་རྡུ”རྩ་འཛུགས་གཉིས་བར་འབྲེལ་བ་གང་ཡོད་མེད་གསལ་ཐག་མི་ཆོད་མོད། གསར་ལམ་ཁག་གིས། དེ་གཉིས་ནི་ཕན་ཚུན་མཉམ་འབྲེལ་ཡོད་པའི་རྩ་འཛུགས་ཤིག་ཡིན་ཤོས་ཆེ་ལ། རྩ་འཛུགས་གཅིག་གིས་མིང་མི་འདྲ་བ་གཉིས་བཏགས་ནས་བདེ་འཇགས་དཔུང་སྡེས་རྩད་གཅོད་ལ་གཡོལ་ཐབས་བྱེད་པ་ཡིན་ཡང་སྲིད་ཅེས་དབྱེ་ཞིབ་བྱས་འདུག

དེ་ལྟར་ནའང་། ཕ་ཁི་སི་ཐན་གྱི་ཐ་ལི་པན་གྱི་ཁོངས་གཏོགས་རྩ་འཛུགས་བར་མི་གཏའ་བརྗེ་རེས་བྱེད་པ་ནི་མཐོང་དཀོན་པ་ཞིག་མིན་པར། དེ་སྔོན་ཡི་སི་ཐན་པོར་དང་ཁ་པོར་དུ་གཞི་སྡོད་བྱས་པའི་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཀྲང་ཉིང་གིས། ཕ་ཁི་སི་ཐན་གྱི་ཐ་ལི་པན་སོགས་དྲག་ཆས་རྩ་འཛུགས་ཁྲོད། ལངས་ཕྱོགས་མི་འདྲ་བ་དང་ཡན་ལག་རྩ་འཛུགས་བར་མི་གཏའ་བརྗེ་རེས་བྱེད་པ་རྒྱུན་ལྡན་ཞིག་སྟེ། རྩ་འཛུགས་གང་གིས་མི་གཏའ་དེས་རང་གི་ཆབ་སྲིད་ཁེ་ཕན་དང་དཔལ་འབྱོར་ཁེ་ཕན་གྱི་རེ་འདོད་སྐོང་མ་ཐུབ་ཚེ། མི་གཏའ་དེ་རྩ་འཛུགས་གཞན་པར་བཙོང་ནས་འབྲེལ་གཏུགས་དང་གྲོས་མོལ་བྱེད་ཀྱི་ཡོད་ཟེར།

ཀྲང་ཉིང་ཕྱི་རྒྱལ་དུ་སྡོད་རིང་ཕྱི་རྒྱལ་གྱི་མི་གཏའ་སྐྱོབ་པའི་གནས་ཚུལ་གསར་ལམ་དུ་འགོད་པའི་ལས་ཀར་ཐེངས་མང་ཞུགས་མྱོང་ཞིང་། ཁོས་བལྟས་ན། མི་གཏའ་མང་ཤོས་ནུབ་བྱང་མཐའ་མཚམས་ས་ཁུལ་གྱི་ཚོ་བའི་རྒན་པོ་ལྟ་བའི་བར་མི་བརྒྱུད་གྲོས་མོལ་བྱས་ཏེ་སྐྱོབ་ཀྱི་ཡོད་པ་མ་ཟད། གྲོས་མོལ་ཐམས་ཅད་ཁྲོད་སྲིད་གཞུང་གདོང་ལ་འབུད་དགོས་པའི་ངེས་པ་མེད་པར། ཁ་ཤས་ནི་ཁེ་ལས་དང་དམངས་ཁྲོད་སྡེ་ཚན་ལྟ་བུའི་དམངས་ཁྲོད་ཀྱི་འབྲེལ་ལམ་བརྒྱུད་པས་ཆོག སྤྱིར་བཏང་མི་གཏའ་སྐྱོབ་དགོས་ན་མི་སྣ་མང་པོ་བརྒྱུད་དགོས་ཤིང་དུས་ཚོད་ཀྱང་མང་པོ་བེད་སྤྱོད་གཏོང་དགོས་ཞེས་བརྗོད་བྱུང་།

འབྲེལ་ཡོད་རྩོམ་ཡིག