ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཐེན་ཅིན་གྱི་གསོ་རིག་སློབ་ཆེན་གཉིས་ཀྱིས་ཀན་ལྷོ་ནས་དངོས་གཞིའི་སློབ་མ་བསྡུ་རྒྱུ་རེད།

2015-06-03
           ཕྱི་ཟླ ༥ པའི་ཚེས ༣༠ ཉིན་ཤིན་ཧྭ་གསར་དྲ་བའི་ཀན་སུའུ་བརྒྱུད་ལམ་དུ།ཐེན་ཅིན་གསོ་རིག་སློབ་ཆེན་དང་ཐེན་ཅིན་ཀྲུང་ལུགས་སྨན་རྫས་སློབ་ཆེན་གཉིས་ཀྱིས་ཀན་ལྷོ་ནས་དངོས་གཞིའི་སློབ་མ ༨༥ བསྡུ་འཆར་ཡོད་པའི་གསར་འགྱུར་བཀོད་འདུག
           གསར་ལམ་དུ།ཕྱི་ཟླ ༥ པའི་ཚེས ༣༠ ཉིན་གསར་འགོད་པས་ཞིང་ཆེན་འཕྲོད་སྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ནས ༢༠༡༥ ལོར་སྔར་བཞིན་ཐེན་ཅིན་གསོ་རིག་སློབ་ཆེན་དང་ཐེན་ཅིན་ཀྲུང་ལུགས་སྨན་རྫས་སློབ་ཆེན་གཉིས་ཀྱིས་ཀན་ལྷོ་ནས་དངོས་གཞིའི་སློབ་མ་བསྡུ་འཆར་ཡོད་སྐོར་དང་། ཐེན་ཅིན་གསོ་རིག་སློབ་ཆེན་གྱིས་ནད་ཐོག་གསོ་རིག་ཆེད་ལས་སློབ་མ ༣༠ དང་ཐེན་ཅིན་ཀྲུང་ལུགས་སྨན་རྫས་སློབ་ཆེན་ནས་སློབ་མ ༥༥ བསྡུ་བའི་འཆར་གཞི་ཡོད་ཚུལ་རྒྱུས་ལོན་བྱུང་འདུག་པ་བཀོད་འདུག
           གསར་ལམ་དུ་གསལ་བཤད་བྱས་པ་ལྟར་ན། ༢༠༡༣ ལོའི་ཕྱི་ཟླ ༥ པའི་ཚེས ༥ ཉིན་ཀན་སུའུ་ཞིང་ཆེན་འཕྲོད་སྟེན་ཐིང་ནས་ངོ་སྤྲོད་བྱས་པ་བརྒྱུད།ཀན་ལྷོ་ཁུལ་སྲིད་གཞུང་དང་ཐེན་ཅིན་གྲོང་ཁྱེར་སྲིད་གཞུང་གི་མཉམ་འབྲེལ་སྤེལ་རེས་གཞུང་སྒྲུབ་ཁང་ནས་ཀན་སུའུ་ཞིང་ཆེན་དབུལ་སྐྱོར་གཞུང་སྒྲུབ་ཁང་ལ་གྲོས་མོལ་གྱིས།ཐེན་ཅིན་ནས་ཀན་སུའུ་ལ་རིགས་མཐུན་རོགས་སྐྱོར་ཆེད་དངུལ་ཁྲི ༣༠༠༠ ཡོད་པ་བེད་སྤྱད་དེ། ༢༠༡༣ ལོ་ནས ༢༠༡༥ བར་གྱི་ལོ་གསུམ་ནང་སློབ་མ་བསྡུ་རྒྱུ་དང་།ལོ་བདུན་སྤྱད་དེ་ཐེན་ཅིན་གསོ་རིག་སློབ་ཆེན་དང་ཐེན་ཅིན་ཀྲུང་ལུགས་སྨན་རྫས་སློབ་ཆེན་གཉིས་ཀྱིས་ཀན་ལྷོ་ནས་ཆེད་དམིགས་ཀྱིས་དངོས་གཞིའི་གསོ་རིག་སློབ་མ ༣༠༠ གསོ་སྐྱོང་བྱ་དགོས་པའི་གྲོས་ཆོད་བཞག་ཡོད་འདུག་ལ། ༢༠༡༣ ལོར་སློབ་མ ༦༢ བསྡུས་པའི་ཁྲོད་ཐེན་ཅིན་གསོ་རིག་སློབ་ཆེན་དུ་མི ༢༩ དང་ཐེན་ཅིན་ཀྲུང་ལུགས་སྨན་རྫས་སློབ་ཆེན་དུ་མི ༣༣ བསྡུས་འདུག ༢༠༡༤ ལོར་སློབ་མ ༧༣ བསྡུས་པའི་ཁྲོད་ཐེན་ཅིན་གསོ་རིག་སློབ་ཆེན་ནས་སློབ་མ ༢༩ དང་ཐེན་ཅིན་ཀྲུང་ལུགས་སྨན་རྫས་ཀྱིས་སློབ་མ ༤༤ བསྡུས། ལོ་འདི་གཉིས་ལ་ཁྱོན་བསྡོམས་མི ༡༣༥ བླངས་ཟིན །
           གཞན་ཡང་གསར་ལམ་དུ། ༢༠༡༥ ལོར་ཐེན་ཅིན་གསོ་རིག་སློབ་ཆེན་གྱིས་ནད་ཐོག་གསོ་རིག་ཆེད་ལས་མི་སྣ ༣༠ བསྡུ་འཆར་འདུག་ལ་སློབ་ཡུན་ལོ་ལྔ་དང་།ཐེན་ཅིན་ཀྲུང་ལུགས་སྨན་རྫས་སློབ་ཆེན་ནས་མི ༥༥ བསྡུ་འཆར་འདུག་པའི་ཁྲོད་ནས་རྩིས་ཚན་ཡིན་པའི་སློབ་མ ༢༠ བསྡུས་ཏེ་སློབ་ཡུན་ལོ་ལྔའི་ནང་ཁབ་བཙའ་ལག་འཕུར་ཆེད་སྦྱོང་དང་།སློབ་ཡུན་ལོ་བཞིའི་ནང་དུ་སྙུན་དྭངས་གསོ་བཅོས་རིག་པར་མི ༡༠ དང་།ཀྲུང་ལུགས་སྨན་གྱི་ཆེད་ལས་མི ༡༠ ནད་གཡོག་ཆེད་ལས་མི ༥ བསྡུ་འཆར་འདུག་ལ་དེ་དག་ཚང་མ་རྩིས་ཚན་ཡིན་དགོས་ཞེས་དང་།གཞན་ཡང་སློབ་ཡུན་ལོ་བཞི་ཅན་གྱི་རིག་ཚན་དང་རྩིས་ཚན་སོ་སོའི་མི་ལྔ་རེ་བསྡུས་ཏེ་སྤྱི་བའི་ལས་དོན་དོ་དམ་ཆེད་ལས་འཇོན་མི་གསོ་སྐྱོང་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
འབྲེལ་ཡོད་རྩོམ་ཡིག