ཉེ་ཆར། པེ་ཅིང་སྒྱུ་རྩལ་སྨྱན་སྦྱོར་ལས་རིགས་སློབ་གླིང་གིས"གནད་འཁེལ་དབུལ་སྐྱོར"བྱེད་དགོས་པའི་འབོད་སྐུལ་དང་ལེན་བྱ་ཆེད། འདི་ལོ་བོད་རང་སྐྱོང་ལྗོངས་ནས་སྤྱོད་ཡོན་གཉིས་ལྡན་གྱི་གྲངས་ཉུང་མི་རིགས་ཀྱི་དཀའ་ངལ་ཡོད་པའི་སློབ་མ ༥༠ བསྡུ་རྒྱུ་དང་། སློབ་མ་དེ་དག་གི་སློབ་ཡོན་རྩ་ཆག་གཏོང་རྒྱུ་ཡིན་ཞིང་། ལོ་རེར་སློབ་མ་དེ་དག་ལས་ཞག་སྡོད་གྲོན་དངུལ་དང་ཆེད་ལས་ཀྱི་དེབ་རིན་སྒོར ༢༠༠༠ ཁོ་ན་ལས་བསྡུ་རྒྱུ་མིན་པ་རེད། སློབ་གྲྭ་དེར་འགྲོ་འདོད་ཡོད་པའི་མིང་འགོད་རྒྱུགས་སྤྲོད་ཀྱི་གཏན་འབེབས་ཆ་རྐྱེན་དང་མཐུན་པའི་རང་ལྗོངས་ཀྱི་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་ཚོས་ཆེད་ལས་ཚན་ཁག་གི་ཁག་ཐེངས་གཞིར་བཟུང་རང་འདོད་རེའུ་མིག་འགོད་འབུལ་བྱེད་སྐབས་སློབ་གྲྭ་དེར་མིང་འགོད་རྒྱུགས་སྤྲོད་བྱེད་ཆོག་གི་ཡོད་པ་རེད།
པེ་ཅིང་སྒྱུ་རྩལ་སྨྱན་སྦྱོར་ལས་རིགས་སློབ་གླིང་གི་སློབ་བསྡུའི་སློབ་ཡོན་རྩ་ཆག་གི་ཆེད་ལས་དང་འཆར་གཞི་ནི། ཀོ་ཕིག་ཇུས་འགོད་དང་འབྲི་བཟོ(སློབ་མ ༢༥ དང་། ལོ་རེར་སློབ་ཡོན་སྒོར ༡༦༠༠༠ ལོ་གསུམ་རིང་ཁྱོན་སློབ་ཡོན་སྒོར ༤༨༠༠༠ རྩ་ཆག་གཏོང་རྒྱུ)དང་མཚམས་སྦྱོར་བརྡ་ཡིག་ཇུས་འགོད་དང་འབྲི་བཟོ(སློབ་མ ༢༥ དང་། ལོ་རེར་སློབ་ཡོན་སྒོར ༡༢༨༠༠ ལོ་གསུམ་རིང་ཁྱོན་སློབ་ཡོན་སྒོར ༣༨༤༠༠ རྩ་ཆག་གཏོང་རྒྱུ)གཉིས་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གྲྭ་དེས་སློབ་བསྡུའི་ཆ་རྐྱེན་ཐད་ལའང་དེ་མཚུངས་ཀྱི་གཏན་འབེབས་བྱས་ཡོད་པ་སྟེ། པེ་ཅིང་སྒྱུ་རྩལ་སྨྱན་སྦྱོར་ལས་རིགས་སློབ་གླིང་ལ་ཐོ་འགོད་རྒྱུགས་སྤྲོད་བྱེད་འདོད་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མར་ཆ་མཚོན་ན། དེ་མཚུངས་ཀྱི་སྒྱུ་རྩལ་ཆེད་ལས་ཚད་ལོན་ལག་ཁྱེར་དགོས་པ་མ་ཟད། ད་དུང་རིག་གནས་སློབ་ཚན་གྱི་སྦྱངས་འབྲས་དེ་སྒྱུ་རྩལ་རིགས་ཀྱི་ཆེད་ལས་ཚན་ཁག་གི་ཡིག་ཚགས་འབུལ་སྐྱེལ་ཚད་གཞི་དམའ་ཤོས་སུ་སླེབས་དགོས་པ། དུས་མཚུངས་སུ་ཆབ་སྲིད་ཐད་ཡར་རྒྱས་བརྩོན་ལེན་དང་། རྒྱལ་གཅེས་ཏང་གཅེས། བསམ་བློ་ཀུན་སྤྱོད་ལེགས་པོ་བཅས་དགོས། ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་དེ་ས་གནས་དེ་གའི་ཆུ་ཚད་དམའ་ཤོས་མན(ཐེམ་ཐོ་གྲོང་གསེབ་ཏུ་ཡོད་པའི་སློབ་མར་ཤང(གྲོང་རྡལ)གི་དམངས་སྲིད་སྡེ་ཚན་གྱིས་དབུལ་པོ་ཡིན་པའི་ངོ་སྤྲོད་ཡི་གེ་མཁོ་འདོན་བྱེད་པ་དང་། ཐེམ་ཐོ་གྲོང་ཁྱེར་དང་གྲོང་རྡལ་དུ་ཡོད་པའི་སློབ་མར་ཁྲོམ་ལམ་དམངས་སྲིད་སྡེ་ཚན་གྱིས་དབུལ་པོ་ཡིན་པའི་ངོ་སྤྲོད་ཡི་གེ་མཁོ་འདོན་བྱེད་དགོས་པ)ཡིན་དགོས། ཆ་རྐྱེན་དང་མཐུན་པའི་རྨང་གཞིའི་ཐོག་དྭ་ཕྲུག་དང་ཕ་མ་གཅིག་ལས་མེད་པའི་ཁྱིམ་ཚང་གི་གྲངས་ཉུང་མི་རིགས་ཀྱི་སློབ་མ་སྔོན་དུ་བསྡུ་རྒྱུ་རེད།