ཕྱི་ཟླ ༥ པའི་ཚེས ༣༡ ཉིན་ཀྲུང་དབྱང་བརྙན་འཕྲིན་ཁང་གི་བརྒྱུད་ལམ་དུ། བོད་ལྗོངས་ནས་ས་དགྲའི་ཉེན་ཁ་དག་འབུད་བྱེད་པ་ལྟར་ན། དིང་རི་རྫོང་གི་སྡེ་བ ༥༠ གནས་སྤོ་བྱ་དགོས་པའི་གནས་ཚུལ་བཀོད་འདུག
ཕྱི་ཟླ ༥ པའི་ཚེས ༡༥ ཉིན། ཡང་བསྐྱར་བོད་ལྗོངས་ས་ཡོམ་གནོད་ཐེབས་མང་ཚོགས་མང་པོ་གནས་སྤོ་བྱས། འདི་ནི་དགེ་སློབ་དང་རྒན་འཁོགས་སྦྲུམ་མ་སྐྱེལ་བའི་འཁོར་ཚོགས་ཀྱི་པར་ཡིན།
གསར་ལམ་དུ། བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་ཉེན་གནས ༢༧༣ ཡོད་པ་དང་། རྫོང་ཨུའི་ཧྲུའུ་ཅི་དོན་འགྲུབ་གྱིས་མིག་སྔར་ས་དགྲའི་གནོད་པ་ཐེབས་པའི་གནས་ཚུལ་ལ་གཞིགས་ན་རྫོང་འདིའི་སྡེ་བ ༡༧༥ ཁྲོད་ཀྱི ༥༠ གནས་སྤོ་བྱས་ཏེ་བསྐྱར་འཛུགས་བྱ་དགོས་པར་འདུག་ཅེས་གསུངས་ཡོད་ཚུལ་བཀོད་འདུག
གསར་ལམ་འདིར་མུ་མཐུད་དུ། མིག་སྔར་བོད་ལྗོངས་ཀྱི་ས་ཡོམ་སྐྱོབ་གསོའི་བྱ་བ་འཕྲལ་སྐྱོབ་ནས་བཅའ་སྒྲིག་སྡོད་ཁང་དང་གནོད་ཤུལ་བསྐྱར་འཛུགས་ཀྱི་ལས་རིམ་དུ་བསླེབས་ཡོད་པས།ས་གཤིས་རིག་པའི་ཆེད་མཁས་པ་དང་ཁང་ཁྱིམ་ཚད་ལེན་མི་སྣས་གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁུལ ༡༨ ལ་ཚོད་དཔག་བྱེད་སྒང་ཡིན་ཚུལ་དང་།
ཕྱི་ཟླ ༥ པའི་ཚེས ༡༦ ནས་བཟུང་ཆེད་མཁས་པ ༡༠ ཡིས་གྲུབ་པའི་ས་གཤིས་གནོད་བཤེར་ཚོགས་ཆུང་ཁག་གསུམ་དུ་བགོས་ཏེ་རྟོག་ཞིབ་བྱེད་བཞིན་ཡོད་ལ། ཤེལ་དཀར་གྲོང་བརྡལ་དུ་ཐོན་དུས་ས་གཤིས་ཆེད་མཁས་པས་ས་དགྲ་འབྱུང་དོགས་ཉེན་གནས་ཤིག་བརྙེད་པར་མྱུར་དུ་རྟོག་ཞིབ་ཚད་ལེན་བྱས་ཡོད་པ་དང་། སི་ཁྲོན་ཞིང་ཆེན་ས་གཤིས་གཏེར་ཁ་རྩད་ཞིབ་གསར་འབྱེད་བཞི་ལྔ་ས་གཤིས་རུ་ཁག་གི་ཧྭང་ཡུས་ནས ༤﹒༢༥ ས་ཡོམ་རྗེས་སུ་སྐྱེ་དངོས་ཀྱི་ཁྱུ་སོབ་སོབ་ཏུ་བཏང་འདུག་པས། མི་འགྱངས་པའི་ཆར་དུས་སུ་དྲག་ཆར་ཆེན་པོ་བབས་ན་འདམ་རུད་འབྱུང་སྲིད་པས། མདའ་ཡི་སྡེ་བ་དང་ཤེལ་དཀར་གྲོང་བརྡལ་གྱི་ཆུ་མཛོད་གལ་ཆེན་ཞིག་ལ་གནོད་འཕོག་སྲིད་པའི་སྐོར་ནས་དང་། རུ་ཁག་འདིའི་ཕན་ཀོ་ཧྭ་ཟེར་བ་ཞིག་གིས་གནས་འདི་ཆེད་གཉེར་གྱིས་བདག་དམ་བཅོས་སྐྱོང་བྱེད་པའམ་སྡེ་བ་ཡུལ་གཞན་དུ་སྤོ་བའི་ཐབས་གང་རུང་སྤྱོད་དགོས་པར་བསྟན་ཡོད་འདུག
གཞན་ཡང་གསར་ལམ་འདིར། ཕྱི་ཟླ ༥ པའི་ཚེས ༣༠ ཉིན་གྱི་གུང་དྲོའི་ཆུ་ཚོད ༡༢ པར། དིང་རི་རྫོང་ནས་ཐོན་པའི་ས་གཤིས་ཉེན་གནས ༢༧༣ བུད་པ་དང་། བརྡིབ་ཉེན་ཅན ༥༤ འཁྱགས་རིམ་མཚོ ༢ བརྟན་འཇགས་མིན་པའི་ལ་ཐུར ༢༩ རི་ཉིལ་གནས ༤ འདམ་རུད་འབྱུང་གནས ༡༨༤ ཡོད་པར་བཤད་ཡོད་པ་དང་།
དིང་རི་རྫོང་ནི་གཞིས་རྩེ་གྲོང་ཁྱེར་གྱི་ས་ཡོམ་གནོད་ཐེབས་ཚབས་ཆེས་ཆེ་བའི་རྫོང་གྲས་ཡིན་པ་དང་། རྫོང་ཡོངས་ཀྱི་ཤང་གྲོང ༡༣ གྱི་སྡེ་བ ༡༧༥ ཡི་དུད་ཁྱིམ ༡༠༥༧༢ ལ་གནོད་ཕོག་པ་དེས་གནས་འདིའི་སྡོད་དམངས་ཀྱི ༩༦% ཟིན་སྐོར་ནས། མིག་སྔར་གནོད་ཐེབས་མི་སེར་ཚང་མ་གནས་སྤོས་ཡོད་ཀྱང་། གནས་སྤོའི་འཆར་འགོད་ཞིབ་ཚགས་སྲིད་གཞུང་གིས་གྲོས་སྡུར་བྱེད་སྒང་ཡིན་ཚུལ་དང་།
བོད་ལྗོངས་ནི་ས་གཤིས་གནོད་འཚེ་མང་པའི་ཁུལ་ཡིན་པ་དང་། ལྷག་པར"༤﹒༢༥"ས་ཡོམ་བྱུང་མུར་རི་ཉིལ་དང་ས་རྡིབ། ས་གས། འདམ་རུད་སོགས་ཀྱིས་གནས་འདིའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཡང་ཡང་འཚེ་བྱུང་། འདིའི་སྔོན་ལ། རྒྱལ་ཁོངས་ནུས་ཁུངས་པུའུ་ཡིས་རོགས་སྐྱོར་དང་མཛུབ་སྟོན་གང་ལེགས་བྱས་འོག བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁོངས་ནུས་ཁུངས་ཐིང་ནས་ཆེད་ལས་རུ་ཁག ༡༩ "༤﹒༢༥"ས་ཡོམ་རླབས་ཤུལ་གྱི་རྫོང ༡༩ ལ་ཆེད་མངགས་ཀྱིས་གོ་རིམ་དང་ལྡན་པར་ཕྱོགས་ཡོངས་ནས་ཚོད་ལེན་བྱས་ཏེ། བཅའ་སྒྲིག་སྡོད་ཁང་་དང་ཁྱིམ་གཞིས་གསར་བ་མྱུར་དུ་འགྲུབ་པར་ཁག་ཐེག་བྱས་པའི་ཕྱོགས་ནས་བརྗོད་འདུག་པར་མ་ཟད།
ཕྱི་ཟླ ༥ པའི་ཚེས ༢༥ ཉིན། རྫོང་ཁག ༡༩ ནས་ས་གཤིས་ཉེན་གནས ༢༠༦༢ ངོས་བཟུང་བའི་ཁྲོད།སྔུན་ལ་ངོས་བཟུང་པའི་ཉེན་གནས ༡༥༣༢ དང་གསར་དུ ༥༣༠ བསྣན། ཉེན་ཁ་ཆེ་བའི་དུད་ཁྱིམ ༡༦༣༦༡ དང་མི་གྲངས ༩༦༠༠༠ ལ་བུད། ཆེས་ཐོག་མར་བཅའ་སྒྲིག་སྡོད་ཁང་ ༡༥༤ གཏན་ཁེལ་དང་མི ༡༥༠༠༠ ཡོད། དེ་དག་ཁྲོད་ཀྱི་གནས་བདུན་ལ་ཉེན་ཁ་ཡོད་པས་དེ་གའི་སྲིད་གཞུང་ལ་དེར་གནོད་འགོག་གི་བྱེད་ཐབས་བཀོལ་བར་རེ་བ་བཏོན་ཡོད་པའི་སྐོར་ནས་བརྗོད་འདུག