ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀན་སུའུ་ནས་དམངས་སྒྲུབ་བྱིས་སློབ་ཁང་གིས་ཆོག་མཆན་མེད་པར་ཡན་ལག་འཛུགས་མི་ཆོག

2015-05-29

ཀྲུང་གོའི་ཀན་སུའུ་དྲ་བར། ཁ་སང་ཞིང་ཆེན་སློབ་གསོ་ཐིང་ནས《ཁྲིམས་ལྟར་དམངས་སྒྲུབ་བྱིས་སློབ་ཁང་གིས་ཚད་ལྡན་གྱིས་སློབ་སྒྲུབ་བྱ་དགོས་པའི་བརྡ་ཡིག》ཅེས་པ་ཞིག་བསྒྲགས་ཡོད་པ་དང་། དེའི་ནང་དུ། ཀན་སུའུ་ཞིང་ཆེན་ནས་དམངས་སྒྲུབ་བྱིས་སློབ་ཁང་གིས་ཆོག་མཆན་མེད་པར་ཡན་ལག་འཛུགས་མི་ཆོག་ལ། ཁྲིམས་ལྟར་སློབ་སྒྲུབ་མི་བྱེད་པའི་གནད་དོན་ཚབས་ཆེན་བྱུང་ན། སློབ་བསྡུ་མཚམས་འཇོག་དང་སློབ་སྒྲུབ་དཔང་ཡིག་མེད་པར་བཟོ་རྒྱུ་ཡིན་སྐོར་དང་། དམངས་སྒྲུབ་བྱིས་སློབ་ཁང་འཛུགས་པར་ལྟ་སྐུལ་མ་ལག་འཐུས་ཚང་དང་དམངས་སྒྲུབ་བྱིས་སློབ་ཁང་གི་ཡིད་རྟོན་ཟིན་ཐོ་སྒྲོག་པའི་སྐོར་གྱི་ལམ་ལུགས་ལག་ལེན་བྱ་རྒྱུ་ཡིན་སྐོར་བརྗོད་པའི་གསར་འགྱུར་ཐོན་འདུག

གསར་ལམ་དུ། ཁ་སང་ཞིང་ཆེན་སློབ་གསོ་ཐིང་ནས《ཁྲིམས་ལྟར་དམངས་སྒྲུབ་བྱིས་སློབ་ཁང་གིས་ཚད་ལྡན་གྱིས་སློབ་སྒྲུབ་བྱ་དགོས་པའི་བརྡ་ཡིག》བཀྲམས་ཡོད། དེར་ཞིང་ཆེན་ཡོངས་ཀྱིས་དམངས་སྒྲུབ་བྱིས་སློབ་ཁང་ཁྲིམས་ལྟར་འཛུགས་པར་སྔར་ལས་འབད་འབུངས་བྱ་དགོས་པ་དང་། དམངས་སྒྲུབ་བྱིས་སློབ་ཁང་གིས་ཆོག་མཆན་མེད་པར་ཡན་ལག་སློབ་ཁུལ་དང་སློབ་ཕྱིའི་འཛིན་གྲྭ་འཛུགས་མི་ཆོག་ལ། སློབ་དངུལ་བསྡུ་བ་ཚད་ལྡན་ཡོང་ཕྱིར། སློབ་ཡོན་བསྡུ་བའི་རྣམ་གྲངས་དང་ཚད་གཞི་རིན་གོང་གཙོ་འཛིན་སྡེ་ཁག་ལ་སྙན་ཞུ་དང་ཀུན་བསྒྲགས་བྱོས་ཞེས་དང་། ཁྲིམས་འགལ་ལུགས་འགལ་གྱིས་བྱིས་སློབ་ཁང་བཙུགས་པའི་གནད་དོན་ཚབས་ཆེན་བྱུང་ན་སློབ་བསྡུ་མཚམས་འཇོག་པ་དང་སློབ་སྒྲུབ་དཔང་ཡིག་མེད་པར་བཟོ་རྒྱུ་ཡིན་པར་བརྗོད་འདུག

གསར་ལམ་འདིར་བརྡ་ཡིག་ཏུ་དམངས་སྒྲུབ་བྱིས་སློབ་ཁང་འཛུགས་པར་ལྟ་སྐུལ་བྱེད་པའི་མ་ལག་འཛུགས་པ་དང་འཐུས་ཚང་ཡོང་དགོས་པའི་སྐོར་ནས་བརྗོད་འདུག་པ་དྲངས་པ་གཤམ་ལྟར།

རིམ་པ་སོ་སོའི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་དགོས་མཁོ་སྐོང་བ་དང་ཆ་རྐྱེན་འདང་པ། བཀོད་སྒྲིག་ལུགས་མཐུན། བདེ་ཐང་གིས་འཕེལ་རྒྱས་འགྲོ་བའི་སྤྱིའི་བླང་བྱ་འདི་དག་བཟུང་ནས་བྱིས་སློབ་ཁང་འདྲ་མིན་འཛུགས་པར་ཆོག་མཆན་ཁོད། ཆོག་མཆན་གསར་དུ་ཐོབ་པའི་བྱིས་སློབ་ཁང་ནི་ངེས་པར་དུ་གནས་དེའི་ཀློག་སློབ་པའི་སློབ་གསོ(སློབ་སྔོན་སློབ་གསོ)འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་དགོས་པར་མ་ཟད། དེར་གཏན་ཕབ་ལྟར་ཚད་གཞི་བཟོས། དེ་མ་ཟད་སློབ་གཉེར་མཁན་ལ་ཁྲིམས་ཕབ་ཚད་གཞི་འདང་མིན་དང་འགྲོ་སོང་ཁག་ཐེག་ཡོད་མེད། འཆར་བཀོད་སྤྱོད་ཞིང་དང་བྱིས་སློབ་ཁང་གི་སྒྲིག་ཁྲིམས། གྲོས་འདོན་ཚན་ཁག་སོགས་ལ་ཞིབ་བཤེར་བྱ་དགོས་པར་མ་ཟད། ཆེད་མཁས་པ་གདན་དྲངས་ཏེ་དཔྱད་མོལ་དང་བསམ་འཆར་བསྡུ་ལེན་གང་ལེགས་བྱོས། སློབ་སྒྲུབ་ཆ་རྐྱེན་མི་འདང་པའམ་ཆེད་མཁས་པས་དཔྱད་མོལ་མ་བྱས་པར་ཆོག་མཆན་སྤྲད་མི་ཆོག ཆོག་མཆན་མ་ཐོབ་ན་དམངས་སྒྲུབ་བྱིས་སློབ་ཁང་གིས་ཡན་ལག་སློབ་ཁུལ་དང་སློབ་ཕྱིའི་འཛིན་གྲྭ་འཛུགས་མི་ཆོག དེ་དང་མཉམ་དུ།རིམ་པ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་བྱིས་སློབ་ཁང་གི་སློབ་བསྡུ་ཡུལ་དེའི་སློབ་གྲྭ་ཆུང་འབྲིང་གི་སློབ་བསྡུ་དང་གཅིག་མཚུངས་ཀྱི་དོ་དམ་བྱ་དགོས་ལ། སློབ་བསྡུའི་བརྡ་ཁྱབ་དང་ངོ་སྤྲོད་ལ་ཞིབ་བཤེར་གྱིས་ཐོ་འགོད་དང་ཐོ་འགོད་ཀྱི་ནང་དོན་ངེས་པར་དུ་སློབ་བསྡུའི་བརྡ་ཁྱབ་དང་ངོ་སྤྲོད་ཀྱི་ནང་དོན་ཇི་བཞིན་ཡིན་དགོས།གཞན་ཡང་སློབ་དངུལ་བསྡུ་བ་ཚད་ལྡན་ཡོང་ཕྱིར། སློབ་ཡོན་བསྡུ་བའི་རྣམ་གྲངས་དང་ཚད་གཞི་རིན་གོང་གཙོ་འཛིན་སྡེ་ཁག་ལ་འདི་བྱས་སྙན་ཞུ་དང་ཀུན་བསྒྲགས་བྱོས་ཞེས་དང་། ཁྲིམས་མེད་ལུགས་མེད་ཀྱི་སློབ་ཡོན་བསྡུ་བ་དང་མ་དངུལ་བསགས་པའི་གནད་དོན་ཡོད་ན་བྱིས་སློབ་གཉེར་བ་བོའི་འགན་འཁྲི་ཡིན་ཞེས་བྱུང་འདུག

རིམ་པ་སོ་སོའི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ཆེད་དམིགས་ཀྱི་རྟོག་ཞིབ་དང་ལྟ་སྐུལ་བྱེད་པའི་ལམ་ལུགས་བཙུགས་ཏེ། ལྟ་སྐུལ་བྱེད་པར་འབད་འབུངས་དང་། ཁྲིམས་བཞིན་དམངས་སྒྲུབ་བྱིས་སློབ་ཁང་འཛུགས་པའི་གོ་རིམ་ལྟ་རྟོག་གི་མ་ལག་འཛུགས་པ་དང་འཐུས་ཚང་ཡོང་བར་བྱོས། ཁྲིམས་འགལ་ལུགས་འགལ་གྱིས་བྱིས་སློབ་ཁང་སྒྲུབ་བཞིན་པའི་གནད་དོན་མཆིས་ན། ཆོག་མཆན་ཐོ་འགོད་སྡེ་ཁག་གིས་ཁྲིམས་ལྟར་སྐབས་ཐོག་དེ་ནས་ལེགས་བསྒྱུར་བྱ་དགོས་པར་སྐུལ་ཅིག གནད་དོན་ཚབས་ཆེ་བའི་སློབ་བསྡུ་མཚམས་འཇོག་དགོས་པ་དང་། ཐ་ན་སློབ་སྒྲུབ་དཔང་ཡིག་མེད་པར་བཟོ་ཆོག སློབ་སྒྲུབ་བསམ་བློའི་ཐད་དུ་བསམ་བློ་ཡང་དག་དང་གྲུབ་འབྲས་མངོན་གསལ་ཐོབ་པ། སྤྱི་ཚོགས་སུ་གདེང་འཇོག་ཐོབ་པའི་དམངས་སྒྲུབ་བྱིས་སློབ་ཁང་ལ་གཟེངས་བསྟོད་དང་བྱ་དགར་འོས་ཞེས་བཀོད་འདུག

དམངས་སྒྲུབ་བྱིས་སློབ་ཁང་གི་ཡིད་རྟོན་ཟིན་ཐོ་བསྒྲགས་པ་ལག་ལེན་བྱེད་པའི་ཕྱོགས་ནས་གསར་ལམ་དུ།དམངས་སྒྲུབ་བྱིས་སློབ་ཁང་གིས་འབྲེལ་ཡོད་གཏན་ཁེལ་ལྟར། རྒྱུན་ཆད་མེད་པར་སློབ་གསོའི་ཆ་རྐྱེན་ལེགས་སུ་བཏང་ནས་སློབ་སྒྲུབ་ཆུ་ཚད་མཐོ་ནས་མཐོ་རུ་ཐོངས་ཞེས་པ་དང་། བྱིས་སྐྱོང་སློབ་གསོ་ཚན་རིག་དང་མཐུན་པར་སྐྱོང་སློབ་ཀྱི་སྤུས་ཀ་མཐོར་འདེགས་དང་། སློབ་ཆུང་ལ་མི་དམིགས་པ། བྱིས་པའི་སློབ་དེབ་དང་ངོ་བོ་འགྱུར་བའི་སློབ་དེབ་སྤྱད་མི་བྱ། རིམ་པ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་དུས་གཏན་དུ་བྱིས་སློབ་ཁང་གི་བྱིས་སྐྱོང་དོ་དམ་དང་། དགེ་རྒན་རུ་དཔུང་གི་གནས་ཚུལ། སློབ་སྒྲུབ་ཆ་རྐྱེན་གོང་འཕེལ་ཡོད་མེད་ཀྱི་བྱ་བར་དཔྱད་ཞིབ་བྱས་ཏེ། དམངས་སྒྲུབ་བྱིས་སློབ་ཁང་གི་ཆ་རྐྱེན་དང་སློབ་སྒྲུབ་ཆུ་ཚད་མཐོར་འདེགས་ཡོང་བར་སྐུལ་དགོས་པ་དང་།དྲ་བར་དམངས་སྒྲུབ་བྱིས་སློབ་ཁང་གི་ཡིད་རྟོན་ཟིན་ཐོ་འཚོལ་བཤེར་མ་ལག་བཞག་སྟེ། དམངས་སྒྲུབ་བྱིས་སློབ་ཁང་གིས་ཡིད་རྟོན་ཟིན་ཐོ་བསྒྲགས་པ་ལག་ལེན་བྱས་ནས། སྤྱི་ཚོགས་ལ་དམངས་སྒྲུབ་བྱིས་སློབ་ཁང་དེའི་གནས་ཚུལ་མདོར་བསྡུས་དང་། སློབ་གསོ་སློབ་སྦྱོང་གི་སྤུས་ཀ་ཚོད་ལེན་བྱས་པའི་གནས་ཚུལ།བསྟོད་སྨད་ཀྱི་ལོ་རྒྱུས་སོགས་ཀུན་གྱི་འཚོལ་བཤེར་བྱ་ཆོག་པར་བཟོས་ཞེས་བྱུང་ཡོད་སྐོར་དང་།

རིམ་པ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་བྱིས་སློབ་ཁང་བདེ་འཇགས་ཡོང་བའི་འགན་འཁྲི་ལམ་ལུགས་དང་འགན་འཁྲི་བདའ་འདེད་ལམ་ལུགས་འཐུས་ཚང་བར་བྱས་པ་དང་། ཐོལ་བྱུང་དོན་རྐྱེན་ལ་གདོང་གཏོད་པའི་འཆར་གཞི་སོགས་ཡོད་དགོས་པའི་སྐོར་དང་། དམངས་སྒྲུབ་བྱིས་སློབ་ཁང་གིས་སློབ་འཁོར་བདེ་འཇགས་དོ་དམ་ལ་གཟབ་ནན་བྱས་ཏེ། སློབ་འཁོར་གང་ནུས་ཀྱི་མི་སྤྱོད་པ།(རང་གིས་བཀོད་སྒྲིག་དང་གླས་ནས་ཡོང་བ)གལ་ཏེ་སློབ་འཁོར་སྤྱད་དེ་སྐྱེལ་ལེན་མི་བྱེད་ཀ་མེད་དུ་གྱུར་ན། ངེས་པར་དུ་སློབ་གསོ་དང་སྤྱི་བདེ།འགྲིམ་འགྲུལ་སོགས་འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་ཐོབ་ན་ད་གཟོད་སྤྱོད་ཆོག་ཚུལ་བརྗོད་འདུག

འབྲེལ་ཡོད་རྩོམ་ཡིག