ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀན་སུའུ་ཡི་སློབ་ཆུང་དགེ་རྒན་ཞིག་གིས་སློབ་ཕྲུག་བུ་མོ ༢༦ ལ་བཙན་གཡེམ་བྱས་པས་སྲོག་ཁྲིམས་བཅད།

2015-05-29

ཕིང་ཕེ་གསར་འགྱུར་དྲ་བས་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་རྒྱུས་ལོན་ཐུབ་རྒྱུར། ཟླ ༥ ཚེས ༢༨ ཉིན་ཀན་སུའུ་ཐེན་ཧྲུའེ་འབྲིང་རིམ་ཁྲིམས་ཁང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་སྲོག་ཁྲིམས་བཅད་པའི་བཀའ་རྒྱ་ཕབ་པ་ལྟར། ལོ་ཆུང་བྱིས་པར་བཙན་གཡེམ་དང་ལོག་གཡེམ་བྱས་བའི་ཉེན་ཅན་ལི་ཅི་ཧྲུན་ལ་སྲོག་ཁྲིམས་བཅད་པ་རེད། དེ་མིན་ཉིན་དེར་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ལོ་ཆུང་གཞོན་ནུར་གནོད་འཚེ་གཏོང་བའི་དཔེ་མཚོན་གྱོད་དོན་བཞི་ཕྱི་ལ་བསྒྲགས།

ཁྲིམས་ཁང་གི་ངོས་འཛིན་ལྟར་ན། ༢༠༡༡ ལོའི་ལོ་སྟོད་ནས ༢༠༡༢ ལོའི་ཟླ ༦ ཚེས ༤ བར། ཀན་སུའུ་ཞིང་ཆེན་ཝུའུ་ཧྲན་རྫོང་གི་གྲོང་ཚོ་ག་གེ་མོའི་སློབ་ཆུང་དུ་དགེ་རྒན་བྱེད་བཞིན་པའི་ལི་ཅི་ཧྲུན་གྱིས། ལོ་ན་ཆུང་ཞིང་སེམས་མི་ཤེས་བའི་སློབ་མ་ཚོར་འགོར་གཡོགས་ཏེ། སློབ་མ་ཕན་ཀ་བ་དང་ཝང་ཀ་བ་སོགས་སྔ་གཞུག་ཏུ་སློབ་མ ༢༡ ཉལ་ཁང་དང་སློབ་ཁང་། གྲོང་ཚོའི་ཉེ་འཁོར་གྱི་ནགས་ཚལ་བཅས་སུ་ཁྲིད་ནས། བཙན་གཡེམ་དང་ལོག་གཡེམ་བྱས་པ་རེད། སློབ་མ་གཡང་ཁ་བ་དང་ཕན་ཁ་བ་སོགས་བྱིས་པ ༥ ཉལ་ཁང་དང་སློབ་ཁང་སོགས་ནས་ལོག་གཡེམ་བྱས་པ་རེད།

ལི་ཅི་ཧྲུན་གྱིས་ད་རུང་ཐེངས་མང་པོར་སློབ་མ་གཅིག་དང་དུས་མཉམ་དུ་སློབ་མ་མང་པོར་བཙན་གཡེམ་དང་ལོག་གཡེམ་བྱས་པ་རེད། བཙན་གཡེམ་དང་ལོག་གཡེམ་བྱས་པའི་མི་སྣ ༢༦ ནི་ལོ་ཚོད ༤ ནས ༡༡ བར་གྱི་ན་ཆུང་བུ་མོ་རེད།

ཐེན་ཧྲུའེ་འབྲིང་རིམ་ཁྲིམས་ཁང་གི་འདྲི་གཅོད་རིམ་པ་དང་པོར་ལི་ཅི་ཧྲུན་ནི་བཙན་གཡེམ་ནག་ཉེས་ཀྱིས་སྲོག་ཁྲིམས་བཅད་པ་དང་། ཚེ་གང་བོའི་ཆབ་སྲིད་ཁེ་དབང་འཕྲོག ལོ་ཆུང་བྱིས་པར་ལོག་གཡེམ་བྱས་པའི་ནག་ཉེས་ཀྱིས་དུས་བཀག་བཙོན་འཇུག་ལོ ༥ བྱས། སྲོག་ཁྲིམས་གཅོད་རྒྱུ་ཐག་གཅོད་བྱས་ཤིང་ཚེ་གང་གི་ཆབ་སྲིད་ཁེ་དབང་འཕྲོག

ཁྲིམས་གཅོད་ཁྱབ་བསྒྲགས་བྱས་རྗེས། ལི་ཅི་ཧྲུན་གྱིས་གོང་ལ་ཞུ་གཏུག་བྱས། ཀན་སུའུ་མཐོ་རིམ་ཁྲིམས་ཁང་གིས་གོང་ཞུ་ཕྱིར་སློག་ཏེ་ཐོག་མའི་ཁྲིམས་གཅོད་སྲུང་འཛིན་བྱས་པ་དང་། མ་ཟད་ཁྲིམས་ལྟར་ཆེས་མཐོའི་ཁྲིམས་ཁང་ལ་ཞིབ་དཔྱད་ཆོག་མཆན་ཞུས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བསྐྱར་ཞིབ་བྱས་རྗེས། ལི་ཅི་ཧྲུན་གྱིས་དགེ་རྒན་གྱི་ལས་གནས་ནས་ལོ ༡༢ ལོན་མེད་པའི་བུ་མོ་ཆུང་ཆུང ༢༠ ལྷག་ལ་བཙན་གཡེམ་དང་ལོག་གཡེམ་བྱས་པས། ནག་ཉེས་ངོ་བོ་དང་གནད་དོན་ཤིན་ཏུ་སྡུག་ཆགས་ཡིན་པ་དང་། སྤྱི་ཚོགས་ལ་ཉམས་ཉེན་ཆེན་པོ་བཟོས་ཤིང་ཉེས་སྤྱོད་ཤིན་ཏུ་ཚབས་ཆེ་བས། ཁྲིམས་ལྟར་ལི་ཅི་ཧྲུན་ལ་སྲོག་ཁྲིམས་འབབ་པའི་ཆོག་མཆན་ཐོབ།

ཟླ ༥ ཚེས ༢༨ ཉིན་ལི་ཅི་ཧྲུན་ལ་སྲོག་ཁྲིམས་བཅད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་ཁྲིམས་གཅོད་ཁྲིམས་ར་དང་པོའི་འགན་ཁུར་བས་བརྗོད་དོན། ལོ་ན་སོན་མེད་པའི་མིའི་ལུས་སེམས་འཚར་ལོངས་བྱུང་མེད་པ་དང་། རང་གཅེས་རང་བདག་གི་འདུ་ཤེས་དང་ནུས་པ་ཞན་པས། ནག་ཉེས་དང་གནོད་སྐྱོན་བཟོ་སླ། ལྷག་པར་དུ་བཙན་གཡེམ་དང་ལོག་གཡེམ་རིགས་འབྱུང་སླ། མིག་སྔར་མི་ལེགས་པའི་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་གྱིས་ལོ་ཆུང་གཞོན་ནུར་བཙན་གཡེམ་དང་ལོག་གཡེམ་བྱེད་པའི་ཉེས་སྤྱོད་སྔར་བཞིན་མང་པོ་བྱུང་བཞིན་ཡོད།

ལོ་ཆུང་གཞོན་ནུར་ལོག་གཡེམ་བྱས་པའི་ཉེས་སྤྱོད་ལྟ་བུར་མཚོན་ན། ༢༠༡༢ ལོ་ནས ༢༠༡༤ ལོའི་བར་རྒྱལ་ཡོངས་ཁྲིམས་ཁང་གིས་འདིའི་རིགས་ཀྱི་གྱོད་དོན ༧༡༤༥ ཐག་གཅོད་བྱས། དེའི་ཁྲོད་དུ ༢༠༡༢ ལོར་གྱོད་དོན ༢༠༡༧ དང་། ༢༠༡༣ ལོར་གྱོད་དོན ༢༣༠༠ ། ༢༠༡༤ ལོར་གྱོད་དོན ༢༨༢༨ བཅས་ལོ་རེ་བཞིན་མང་དུ་འཕར་བཞིན་ཡོད། འདིའི་རིགས་ཀྱི་གྱོད་དོན་སྔོན་འགོག་དང་ཇེ་ཉུང་དུ་གཏོང་རྒྱུ་ནི་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ལས་གཞི་ཞིག་ཡིན། འདིར་སྤྱི་ཚོགས་སྡེ་སོ་སོ་ནས་མཐོང་ཆེན་བྱས་ཏེ་སྔོན་འགོག་གི་ལས་ཀར་ཞུགས་པ་དང་རྒྱབ་སྐྱོར་བྱེད་དགོས།

གོང་གི་འགན་ཁུར་མི་སྣ་དེས་ད་རུང་བཤད་རྒྱུར། ༢༠༡༣ ལོ་ནས་བཟུང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ《ལོ་ན་མ་སོན་པའི་སྐྱེ་བོར་ཆགས་རྩེད་བཙན་གནོད་བཏང་རིགས་ལ་ཁྲིམས་ལྟར་ཉེས་ཆད་བཅད་རྒྱུའི་སྐོར་གྱི་བསམ་འཆར》ཅེས་པ་བཏོན་པ་དང་། ཁྲིམས་ཆད་ལྕི་མོ་བཅད་པའི་སྐོར་ཁ་གསལ་དུ་བཏང་ཞིང་། ཁྲིམས་ཆད་ཚད་གཞིའི་མཛུབ་སྟོན་བསམ་འཆར་བཟོ་བཅོས་བྱས། བཙན་གཡེམ་ནག་ཉེས་སོགས་ཉེས་མིང་གི་ཁྲིམས་ཆད་ཚད་གཞི་མཐོ་རུ་བཏང་བ་དང་། ཁྲིམས་འཛིན་དངོས་ལེན་སྦྱོང་བརྡར་འཛིན་གྲྭ་བསྡུས་ཤིང་འདྲི་གཅོད་ལས་སྒོའི་མཛུབ་སྟོན་ཤུགས་ཆེར་བཏང་། དུས་མཚུངས་སུ་ཧུར་ཐག་གིས་འདྲི་གཅོད་འགན་ནུས་རིང་དུ་བསྲིངས་ཏེ། ཉེས་སྤྱོད་སྔོན་འགོག་དང་རོགས་སྐྱོབ། ལོ་ཆུང་གཞོན་ནུ་སྲུང་སྐྱོབ་ཀྱི་བྱ་ཐབས་གསར་བར་མུ་མཐུད་འཚོལ་སྙེག་དང་ཉམས་ཞིབ་བྱས། སྔ་གཞུག་ཏུ་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དང་། སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་གྱི་ཁྲིམས་ཁང་རིམ་པ་གཉིས་ནས་ལོ་ཆུང་གཞོན་ནུར་ཆགས་རྩེད་བྱེད་པའི་ཉེས་སྤྱོད་ལ་སྔོན་འགོག་དང་ཁྲིམས་ཆད་བཅད་པའི་མཉམ་འགུལ་སྒྲིག་གཞི་སྤེལ། སློབ་གསོ་དང་དམངས་སྲིད། ཁྱབ་བསྒྲགས། བུད་མེད་མཉམ་འབྲེལ་སོགས་འབྲེལ་ཡོད་སྡེ་ཁག་གིས་མཐུན་སྒྲིལ་མཉམ་ལས་བྱས་ཏེ། ཕྱོགས་སོ་སོ་མཉམ་དུ་ཞུགས་པའི་ལོ་ཆུང་གཞོན་ནུའི་སྲུང་སྐྱོབ་རྣམ་པ་ཞིག་ཆགས་པར་བྱེད་དགོས་ཟེར།

ཕིང་ཕེ་གསར་འགྱུར་ནས་རྒྱུས་ལོན་ཐུབ་རྒྱུར། ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་བསྒྲགས་པའི་གྱོད་དོན་གཞན་བཞི་ནི། ཏུང་ཆི་སློབ་འབྲིང་སློབ་མའི་ཉལ་ཁང་དུ་འཛུལ་ནས་སློབ་མ་བུ་མོ་མང་པོར་བཙན་གཡེམ་བྱས་པའི་གྱོད་དོན། ཝེ་ལེན་ཀྲིས་མགོ་སྐོར་སོགས་ཐབས་ལམ་ལ་བརྟེན་ནས་བྱིས་པ་ཕོ་མང་པོར་ལོག་གཡེམ་བྱས་པའི་གྱོད་དོན། ལི་ཕེ་ཞིན་གྱིས་བུ་མོ་གཡར་མར་ལོག་གཡེམ་བྱས་པའི་གྱོད་དོན་དང་ལིའུ་ཅན་ཧྥང་སོགས་ཀྱིས་སློབ་མ་བུ་མོ་མང་པོ་སྨད་འཚོང་དུ་ངོ་སྤྲོད་བྱེད་པའི་གྱོད་དོན་བཅས་རེད།

འབྲེལ་ཡོད་རྩོམ་ཡིག