ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་གོ་སྲིད་གཞུང་ནས《ཀྲུང་གོའི་དམག་དོན་འཐབ་ཇུས》ཀྱི་རྒྱབ་ཤ་དཀར་པོའི་དེབ་བཏོན།

2015-05-29
          པེ་ཅིང་གི་ཟླ ༥ ཚེས ༢༦ ཉིན། ཀྲུང་གོ་སྲིང་གཞུང་གིས《ཀྲུང་གོའི་དམག་དོན་འཐབ་ཇུས》ཀྱི་རྒྱབ་ཤ་དཀར་པོའི་དེབ(གཤམ་ནས་རྒྱབ་ཤ་དཀར་པོ་ཞེས་བསྡུས་ཡོད) བཏོན། དེར་གནས་བབ་གསར་བའི་འོག་ཧུར་ཐག་གིས་དམག་དོན་འཐབ་ཇུས་བྱེད་ཕྱོགས་འགོག་སྲུང་མཐར་ཕྱིན་པ་དགོས་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བ་ཇེ་མགྱོགས། མཐའ་གཅིག་ཏུ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་སྲུང་སྐྱོང་བྱེད་དགོས་པ་ནན་བཤད་བྱས་ཡོད།
          རྒྱབ་ཤ་དཀར་པོའི་ནང་། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བར་ལངས་ཏེ། ཀྲུང་གོའི་དམག་དཔུང་ནི་རྒྱལ་ཁབ་བདེ་འཇགས་ཁོར་ཡུག་གི་འགྱུར་ལྡོག་གསར་བར་གོམས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་གནས་བབ་གསར་བའི་འོག་གི་དམག་སྟོབས་དམིགས་འབེན་མངོན་འགྱུར་དང་དམ་དུ་འབྲེལ་བ། གནས་བབ་གསར་བའི་འོག་ཧུར་ཐག་གིས་དམག་དོན་འཐབ་ཇུས་བྱེད་ཕྱོགས་འགོག་སྲུང་མཐར་ཕྱིན་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བ་ཇེ་མགྱོགས། མཐའ་གཅིག་ཏུ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་སྲུང་སྐྱོང་། "ལོ་བརྒྱ་གཉིས"ཀྱི་འབད་བརྩོན་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཀྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་འགན་སྲུང་བརྟན་པོ་བསྐྲུན་དགོས་པ་བརྗོད་ཡོད།
          རྒྱབ་ཤ་དཀར་པོ་འདི་ནི ༡༩༩༨ ལོ་ནས་བཟུང་ཀྲུང་གོ་སྲིད་གཞུང་གིས་བཏོན་པའི་རྒྱལ་སྲུང་རྒྱབ་ཤ་དཀར་པོ་དེབ་དགུ་པ་དེ་ཡིན་ལ། ཐོག་དང་པོར་ཆེད་དུ་ཀྲུང་གོའི་དམག་དོན་འཐབ་ཇུས་བརྗོད་པའི་རྒྱབ་ཤ་དཀར་པོའི་དེབ་དེ་ཡང་ཡིན།
          རྒྱབ་ཤ་དཀར་པོའི་དེབ་ཧྲིལ་བོར་ཡིག་འབྲུ ༩༠༠༠ ཡོད། དེ་ནི་རྒྱ་ཡིག་དང་དབྱིན་ཡིག ཧྥ་ཡིག ཨུ་ཡིག འཇར་ཡིག སི་ཡིག ཨ་ཡིག ཉི་ཡིག་བཅས་སྐད་རིགས་བརྒྱད་ཀྱི་ལམ་ནས་སྤེལ་ཡོད། རྩོམ་དངོས་ནི་འགོ་བརྗོད་དང་རྒྱལ་ཁབ་བདེ་འཇགས་ཀྱི་གནས་བབ། དམག་དཔུང་གི་འགན་འཁྲི་དང་འཐབ་ཇུས་འོས་འགན། ཧུར་ཐག་འགོག་སྲུང་འཐབ་ཇུས་ཁ་ཕྱོགས། དམག་དོན་སྟོབས་ཤུགས་འཛུགས་སྐྲུན་འཕེལ་རྒྱས། དམག་དོན་འཐབ་རྩོད་གྲ་སྒྲིག དམག་དོན་བདེ་འཇགས་མཉམ་ལས་བཅས་ལེ་ཚན་དྲུག་ལས་གྲུབ། 
          "རྒྱབ་ཤ་དཀར་པོའི་དེབ་འདི་ནི་ཀྲུང་གོའི་ད་ལྟ་སྤྱོད་བཞིན་པའི་དམག་དོན་འཐབ་ཇུས་ཀྱི་ཐོག་མའི་གཅིག་བསྡུས་རྣམ་བཤད་ཡིན། འདིས་ཀྲུང་གོའི་ཧུར་ཐག་འགོག་སྲུང་འཐབ་ཇུས་བསམ་བློའི་འཕེལ་རྒྱས་ཆེས་གསར་བ་མངོན་ཡོད་པ་དང་། ཀྲུང་གོ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གནད་འགག་རིམ་པར་ཞུགས་རྗེས་ཀྱི་འཐབ་ཇུས་ཁ་ཕྱོགས་གསལ་བོར་བཏང་ཡོད། བརྟན་བརླིང་འགྱུར་མེད་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་ཞུགས་པའི་ལྷག་བསམ་ཆེན་པོ་མཚོན་ཡོད་ལ། ཀྲུང་གོ་འཛམ་གླིང་འཕེལ་རྒྱས་ཀྱི་རླབས་ཆེན་པོ་དང་བསྟུན་པའི་དངོས་ཡོད་གདམ་ག་མཚོན་ཡོད”ཅེས་དམག་དོན་ཚན་རིག་སློབ་གླིང་རྒྱལ་སྲུང་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲོའུ་རེན་ཁྲེན་ཀྲོའུ་ཡིས་འདི་འདྲ་གསུངས།
          རྒྱབ་ཤ་དཀར་པོ་ལས་བསྟན་དོན། རྒྱལ་སྤྱིའི་གནས་བབ་ནི་གཏིང་ཟབ་པས་རིམ་འགྱུར་བྱུང་ཡོད། རྒྱལ་སྤྱིའི་སྟོབས་ཤུགས་བསྡུར་བ་དང་། འཛམ་གླིང་བདག་དམ་མ་ལག་སྒྲིག་གཞི། ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་འབྲེལ་འཐབ་ཇུས་གནས་བབ་དང་རྒྱལ་སྤྱིའི་དཔལ་འབྱོར། ཚན་རྩལ། དམག་དོན་འགྲན་རྩོད་གནས་བབ་སོགས་ད་ལྟ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བཞིན་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་སྔར་བཞིན་མདུན་ལམ་རྒྱ་ཆེ་བའི་གལ་ཆེའི་འཐབ་ཇུས་གོ་སྐབས་སུ་ཁེལ་ཡོད་ལ། ཕྱིའི་ཁོར་ཡུག་སྤྱིའི་ཆ་ནས་ཕན་ཡོད་དུ་སྣང་། ཀྲུང་གོ་སྔར་བཞིན་སྣ་མང་རྙོག་འཛིང་གི་བདེ་འཇགས་འཇིགས་སྐུལ་ལ་འཕྲད་ཡོད། ཕྱིའི་གེགས་ཤུགས་དང་འགྲན་རྩོད་རིམ་གྱིས་ཇེ་མང་དུ་འགྱུར། འཚོ་གནས་བདེ་འཇགས་གནད་དོན་དང་འཕེལ་རྒྱས་བདེ་འཇགས་གནད་དོན། སྲོལ་རྒྱུན་བདེ་འཇགས་འཇིགས་སྐུལ་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་འཇིགས་སྐུལ་ཕན་ཚུན་མཉམ་འདྲེས། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་། མངའ་ཁོངས་ཆ་ཚང་སྲུང་སྐྱོང་། འཕེལ་རྒྱས་ཁེ་ཕན་སྲུང་སྐྱོང་གི་འོས་འགན་ལྕི་ཞིང་དཀའ་ཚེགས་ཆེ། རྒྱལ་ཕྱིའི་ནུས་ཁུངས་ཐོན་ཁུངས། འཐབ་ཇུས་བརྒྱུད་ལམ་བདེ་འཇགས་དང་རྒྱལ་ཕྱིའི་ལས་ཁུངས། མི་སྣ་དང་རྒྱུ་ནོར་བདེ་འཇགས་སོགས་རྒྱལ་ཕྱིའི་ཁེ་ཕན་བདེ་འཇགས་གནད་དོན་སོགས་འབུར་དུ་ཐོན་ཡོད།
          རྒྱབ་ཤ་དཀར་པོ་ལས་ནན་བཤད་བྱས་དོན། ལོ་རྒྱུས་ཀྱི་དུས་སྐབས་གསར་བར་ཀྲུང་གོའི་དམག་དཔུང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྣམ་པ་གསར་བའི་འོག་གི་དམག་སྟོབས་དམིགས་འབེན་སྤྱིའི་རྩ་འཛིན་བྱས་ཏེ། གཡོ་བ་མེད་པར་ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། ཐོག་མཐའ་ཀུན་ཏུ་དམག་འཁྲུག་སྟོབས་ཤུགས་ནི་གཞི་རྩའི་ཚད་གཞི་དང་ཚད་གཞི་ཁོ་ན་དེར་བཟུང་ནས། ཤུགས་ཆེན་པོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ཀུན་སྤྱོད་བཟང་བོ་དར་སྤེལ་བྱས་ཏེ། ཏང་གི་མཛུབ་སྟོན་ལ་ཉན་པ་དང་། རྒྱལ་ཁའི་དམག་འཁྲུག་རྒྱག་ཐུབ་པ།  སྤྱོད་ཚུལ་ལེགས་པའི་མི་དམངས་དམག་དཔུང་ཞིག་འཛུགས་ཐུབ་པ་དགོས།
          རྒྱབ་ཤ་དཀར་པོ་ལས་བཤད་རྒྱུར། ཀྲུང་གོའི་དམག་དཔུང་གིས་ནུས་ལྡན་གྱིས་ལོ་རྒྱུས་དུས་སྐབས་གསར་བའི་དམག་དཔུང་འགན་འཁྲི་ལག་བསྟར་བྱེད་པ་དང་། མཐའ་གཅིག་ཏུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྲུང་སྐྱོང་། མཐའ་གཅིག་ཏུ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་སྲུང་སྐྱོང་། མཐའ་གཅིག་ཏུ་རྒྱལ་ཁབ་འཕེལ་རྒྱས་ཀྱི་གལ་ཆེའི་འཐབ་ཇུས་གོ་སྐབས་སྲུང་སྐྱོང་། མཐའ་གཅིག་ཏུ་ས་གནས་དང་འཛམ་གླིང་ཞི་བདེ་སྲུང་སྐྱོང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ལ་འགན་སྲུང་བརྟན་པོ་བསྐྲུན་པ་བཅས་དང་། རྒྱབ་ཤ་དཀར་པོ་རུ་ད་རུང་ཀྲུང་གོའི་དམག་དཔུང་གིས་འགན་འཁུར་བའི་འཐབ་ཇུས་འོས་འགན་གཙོ་བོ ༨ བརྗོད་ཡོད།
          རྒྱབ་ཤ་དཀར་པོ་ནས་བསྟན་རྒྱུར། རྒྱལ་ཁབ་བདེ་འཇགས་དང་འཕེལ་རྒྱས་འཐབ་ཇུས་གཞིར་བཟུང་ནས། ལོ་རྒྱུས་དུས་སྐབས་གསར་བའི་གནས་བབ་ཀྱི་འོས་འགན་དང་བླང་བྱར་གོམས་པ། ཧུར་ཐག་གིས་དམག་དོན་འཐབ་ཇུས་བྱེད་ཕྱོགས་འགོག་སྲུང་ལག་བསྟར་རྒྱུན་འཁྱོངས། དུས་ཀྱི་འགྲོས་དང་བསྟུན་ཏེ་དམག་དོན་འཐབ་ཇུས་མཛུབ་སྟོན་ལ་ཤུགས་སྣོན། སྔར་བས་འཐབ་ཇུས་མིག་རྒྱ་ཇེ་ཡངས། འཐབ་ཇུས་བསམ་བློ་གསར་བརྗེ། མཛུབ་སྟོན་སྙིང་བོ་མདུན་སྤོ། ཁྱོན་ཡོངས་ནས་དམག་གྲབས་དང་དམག་བསྡུར། བདག་དབང་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། འཇིགས་སྣང་སྐུལ་བ་དང་དམག་འཁྲུག་དངོས། དམག་འཁྲུག་འགུལ་སྐྱོད་དང་ཞི་བདེ་དུས་སྐབས་ཀྱི་དམག་དོན་སྟོབས་ཤུགས་བཀོལ་སྤྱོད་བཅས་ཇུས་འགོད་བྱེད་པ། རྒྱུན་རིང་བའི་ཇུས་གཉེར་ལ་མཐོང་ཆེན་པོ་དང་། ཕན་ཡོད་གནས་བབ་འཛུགས་སྐྲུན། ཚོད་འཛིན་ཉམས་ཉེན་ཕྱོགས་བསྡུས། མཐའ་གཅིག་ཏུ་བཀག་སྡོམ་དང་དམག་ལས་རྒྱལ་བ་བཅས་བྱེད་པ།  རྒྱབ་ཤ་དཀར་བོར་ནན་བཤད་བྱས་དོན། དམག་དོན་འཐབ་འཁྲུག་གྲ་སྒྲིག་རྨང་གཞི་ནི་ཆ་འཕྲིན་ཅན་གྱི་དམག་འཁྲུག་ཆ་ཤས་སྟེང་འཇོག་དགོས། མཚོ་ཐོག་དམག་དོན་འཐབ་འཁྲུག་དང་དམག་དོན་འཐབ་འཁྲུག་གྲ་སྒྲིག་འབུར་དུ་ཐོན་པ་དང་། ནུས་ལྡན་གྱིས་གལ་འགངས་ཆེ་བའི་ཉམས་ཉེན་ཚོད་འཛིན། མཐུད་འབྲེལ་ཚུར་སྣང་ལ་འོས་འཚམ་གྱིས་གདོང་གཏད་པ་དང་། མཐའ་གཅིག་ཏུ་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་གཅིག་གྱུར། བདེ་འཇགས་སྲུང་སྐྱོང་བཅས་བྱེད་པ།
          དམག་དོན་སྟོབས་ཤུགས་འཛུགས་སྐྲུན་འཕེལ་རྒྱས་ཐད། རྒྱབ་ཤ་དཀར་པོ་ལས་ནན་བཤད་བྱས་དོན། གནས་བབ་གསར་བའི་འོག་གི་དམག་དོན་འཐབ་ཇུས་ཁ་ཕྱོགས་མཐར་ཕྱིན་པར། ངེས་བར་དུ་ཀྲུང་གོ་གུང་ཁྲན་ཏང་གི་གནས་བབ་གསར་བའི་འོག་གི་དམག་སྟོབས་དམིགས་འབེན་དང་དམ་དུ་འབྲེལ་དགོས། རྒྱལ་ཁབ་ཀྱི་ལྟེ་བའི་བདེ་འཇགས་ཀྱི་དགོས་མཁོ་ཕྱོགས་སྟོན་བྱས་ཏེ། ཆ་འཕྲིན་ཅན་གྱི་དམག་དཔུང་འཛུགས་སྐྲུན་དང་། ཆ་འཕྲིན་ཅན་གྱི་དམག་འཁྲུག་ལས་རྒྱལ་ཐུབ་རྒྱུར་དམིགས་པ། ཁྱོན་ཡོངས་ནས་རྒྱལ་སྲུང་གཏིང་ཟབ་དང་དམག་དཔུང་བསྒྱུར་བཅོས། ཧུར་བརྩོན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་དོན་སྟོབས་ཤུགས་སྒྲིག་གཞི་འཛུགས་དགོས། མཚམས་མེད་པར་དམག་དཔུང་གིས་བདེ་འཇགས་ཉམས་ཉེན་རིགས་མང་པོར་ཁ་གཏད་པ་དང་། སྣ་མང་རང་བཞིན་གྱི་དམག་དོན་འོས་འགན་བསྒྲུབ་པའི་ནུས་པ་མཐོར་འདེགས་བྱེད་དགོས། རྒྱབ་ཤ་དཀར་པོ་རུ་རྒྱ་མཚོ་དང་བར་སྣང་ཁམས། དྲ་རྒྱ་དང་ཉིང་རྡུལ་བཅས་བདེ་འཇགས་ཁྱབ་ཁོངས་གལ་ཆེན་བཞིའི་སྟོབས་ཤུགས་འཕེལ་རྒྱས་བརྗོད་ཡོད།
          རྒྱབ་ཤ་དཀར་པོའི་ནང་བསྟན་རྒྱུར། དམག་དོན་འཐབ་འཁྲུག་གི་གྲ་སྒྲིག་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་གཏོང་བར། ངེས་བར་དམག་འཁྲུག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་བླང་བྱར་གཞིགས་དགོས། གཙོ་གནད་དང་དཀའ་གནད་ཐག་གཅོད་རྒྱུན་འཁྱོངས་བྱེད་པ་ཕྱོགས་སྟོན་བྱས་ཏེ། དངོས་སུ་དམ་བཟུང་དང་གྲ་སྒྲིག རྒྱུན་གྲབས་ལྷོད་མེད། ཕྱོགས་ཡོངས་ནས་དམག་དཔུང་གི་འཇིགས་སྐུལ་སྟོབས་ཤུགས་དང་དངོས་འཐབ་ནུས་པ་མཐོར་འདེགས། ཆ་འཕྲིན་མ་ལག་ལ་བརྟེན་པའི་སྒྲིག་གཞིའི་འཐབ་འཁྲུག་ནུས་པར་ཤུགས་སྣོན། ཕྱོགས་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་དམག་དོན་འཐབ་འཁྲུག་གྲ་སྒྲིག་བྱ་བར་ཇུས་འགོད། རྒྱུན་གྲབས་ལྷོད་མེད་ཀྱི་དམག་གྲབས་རྣམ་པ་རྒྱུན་འཁྱོངས་དང་། དམག་དོན་སྦྱོང་བརྡར་དངོས་འཐབ་ཅན་གྱི་ཆུ་ཚད་མཐོར་འདེགས། དམག་འཁྲུག་མིན་པའི་དམག་དོན་འགུལ་སྐྱོད་གྲ་སྒྲིག་རྩ་འཛུགས་བྱ་དགོས།
          རྒྱལ་སྤྱིའི་དམག་དོན་བདེ་འཇགས་མཉམ་ལས་ཐད་རྒྱབ་ཤ་དཀར་པོ་ལས། ཀྲུང་གོའི་དམག་དཔུང་གིས་ཐུན་མོང་བདེ་འཇགས་དང་ཕྱོགས་བསྡུས་བདེ་འཇགས། རྒྱུན་མཐུད་བདེ་འཇགས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས། མནའ་འབྲེལ་མེད་པ་དང་ངོ་རྒོལ་མེད་པ། ཕྱོགས་ག་བའི་དམག་དོན་འབྲེལ་བར་མི་དམིགས་པ་བཅས་འཕེལ་རྒྱས་སུ་གཏོང་རྒྱུ་དང་། འདྲ་མཉམ་ནུས་ལྡན་གྱི་ཐུན་མོང་བདེ་འཇགས་སྒྲིག་གཞི་དང་དམག་དོན་ཕན་ཚུན་ཡིད་རྟོན་སྒྲིག་གཞི་འཛུགས་པར་སྐུལ་འདེད། ཧུར་ཐག་གིས་དམག་དོན་བདེ་འཇགས་མཉམ་ལས་བར་སྟོང་རྒྱ་བསྐྱེད་དང་། རྒྱལ་ཁབ་དང་ཞི་བདེ་འཕེལ་རྒྱས་ལ་ཕན་པའི་བདེ་འཇགས་ཁོར་ཡུག་བསྐྲུན་རྒྱུ་ཡིན་པ་བརྗོད་ཡོད།
          རྒྱབ་ཤ་དཀར་པོའི་རྒྱ་ཡིག་དང་དབྱིན་ཡིག་དེབ་རྐྱང་མ་སོ་སོར་མི་རིགས་དཔེ་སྐྲུན་ཁང་དང་ཕྱི་ཡིག་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། དེ་རིང་ནས་བཟུང་རྒྱལ་ཡོངས་ཤིན་ཧྭ་དཔེ་ཚོང་ཁང་དུ་འགྲེམ་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག