ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཁ་ན་ཏའི་ཚན་རིག་པས་སྐར་ཆ་བཅུའི་ནང་མིག་ཤེད་སླར་གསོ་བྱེད་ནུས་པའི་སྐྱེ་འགྲེའི་ཤེལ་ལེབ་གསར་གཏོད་བྱས་འདུག

2015-05-29 བཀྲ་ཤིས་མཚོ།
           དབྱིན་ཇིའི་གསར་ལམ་དུ་བསྒྲགས་པའི་འཕྲིན། ཉེ་ལམ་ཁ་ན་ཏའི་ཚན་རྩལ་ཀུང་སི་ཞིག་གི་ཚན་རིག་ཞིབ་འཇུག་རྩ་འཛུགས་ཀྱིས་མིག་ཤེད་སླར་གསོ་བྱེད་ནུས་པའི་སྐྱེ་འགྲེའི་ཤེལ་ལེབ་ཅིག་གསར་གཏོད་བྱས་ཡོད་པ་རེད། ཞིབ་འཇུག་པས་གསལ་བཤད་བྱས་པ་ལྟར་ན། སྐྱེ་འགྲེའི་ཤེལ་ལེབ་དེ་གྱོན་རྗེས་ཏག་ཏག་སྐར་ཆ་བཅུའི་ནང་མིག་ཤེད་སླར་གསོ་བྱེད་ཐུབ་པ་དང་། སྔར་གྱི་མིག་ཤེད་ཞན་པའི་རྣམ་པ་བསྒྱུར་ནུས་པ་མ་ཟད། མིག་ཤེད་དེ་རྒྱུན་ལྡན་ཚད་རིམ ༡.༠ ལས་ཀྱང་ལྡབ་གཉིས་ལས་མཐོ་བར་འགྱུར་སྲིད་ཅེས་བརྗོད་འདུག མིག་སྔར་ཚན་རྩལ་ལས་གཞི་འདིས་ཁ་ན་ཏ་རྒྱལ་ཁབ་གྱི་ཆོག་མཆན་ཐོབ་པར་རེ་ཞུ་བྱེད་བཞིན་པའི་སྒང་ཡིན་པ་དང་། ཚོད་དཔག་བྱས་པ་ལྟར་ན་སྤྱི་ལོ ༢༠༡༧ ལོར་ཐོན་རྫས་ཕྱིར་འགྲེམ་ཐུབ་རྒྱུ་རེད། 
           སྒྲོག་སྤེལ་བྱས་པ་ལྟར་ན། ཁ་ན་ཏའི Ocumetics ཚན་རྩལ་ཀུང་སིའི་ལས་འཛིན་འགོ་བ་ཝེ་བྷོས་ལས་གཞི་འདིར་མ་དངུལ་ཨ་སྒོར་ཁྲི ༣༠༠ ལྷག་བཏང་ཡོད་པ་དང་། ཚན་རིག་ཞིབ་འཇུག་རྩ་འཛུགས་ཀྱིས་དུས་ཡུན་ལོ་ངོ་བརྒྱད་ལྷག་སྤྱད་ནས་ད་གཟོད " Ocumetic སྐྱེ་འགྲེའི་ཤེལ་ལེབ"གསར་གཏོད་བྱས་པ་རེད། Ocumetic  ཀུང་སིའི་དྲ་ཚིགས་སུ་མཚམས་སྦྱོར་བྱས་པ་ལྟར་ན། སྐྱེ་འགྲེའི་ཤེལ་ལེབ་དེ་གྱོན་རྗེས་སྨན་བཅོས་ཚྭ་ཆུའི་ནང་བཀྲུས་རྗེས། སྐྱེ་འགྲེའི་ཤེལ་ལེབ་དེ་ཏག་ཏག་སྐར་ཆ་བཅུའི་ནང་མིག་འབྲས་སྟེང་ཁྱབ་པར་གྱུར་ཏེ་མིག་ཤེད་སླར་གསོ་བྱེད་ཐུབ་པ་དང་། སྤྱིའི་སྒྲིག་སྦྱོར་གྱི་གོ་རིམ་ལ་སྐར་མ་བརྒྱད་ཙམ་ལས་མི་འགོར་ལ། དེ་གྱོན་མཁན་དག་ལ་ན་ཟུག་དང་མི་བདེ་བ་གང་ཡང་འབྱུང་མི་སྲིད་ཅེས་གསལ་བཤད་བྱས་འདུག 
           ཀུང་སིའི་ལས་འཛིན་འགོ་བ་ཝེ་བྷོ་ལགས་ཀྱིས་གསུང་རྒྱུར། འཛད་སྤྱོད་མཁན་གྱིས་སྐྱེ་འགྲེའི་ཤེལ་ལེབ་དེ་གྱོན་རྗེས་མིག་ཤེད་སླར་གསོ་བྱེད་ཐུབ་པ་མ་ཟད། མིག་ཤེད་དེ་རྒྱུན་ལྡན་གྱི་རྣམ་པ་ལས་ཀྱང་ལྡབ་འགྱུར་གྱིས་བཟང་བར་འགྱུར་སྲིད་ཅེས་གསུངས། ཁོང་གིས་མུ་མཐུད་ནས་གསལ་བཤད་བྱ་རྒྱུར། སྐྱེ་འགྲེའི་ཤེལ་ལེབ་ལག་རྩལ་འདི་ཉིད་ཧ་ཅང་བདེ་འཇགས་ཡིན་པ་མ་ཟད། མིའི་མིག་དབང་ལ་ཞོར་རྐྱེན་ངན་པ་གང་ཡང་ཐེབས་མི་སྲིད། དུས་མཚུངས་སུ་འཁྱུག་འོད་དང་མཚན་ལོང་སོགས་ཀྱི་སྣང་ཚུལ་ཡང་འབྱུང་མི་སྲིད། ཡིན་ཡང་ཚན་རྩལ་འདི་ཉིད་ན་ཚོད ༢༥ ལས་བརྒལ་བའི་མི་དར་མ་དག་ཁོ་ནར་འཚམ་པ་ཡིན་ཏེ། རྒྱུ་མཚན་ནི་མིའི་ལོ་ཚོད ༢༥ ལས་བརྒལ་དུས། མིག་དབང་གི་གྲུབ་ཆ་ད་གཟོད་འཐུས་ཚང་ཞིག་ཏུ་གྲུབ་འདུག་པ་རེད། མིག་སྔར་ཀུང་སིའི་འགོ་བས་ཁྱད་དུ་འཕགས་པའི་ཚན་རྩལ་དེ་སྤྱི་ཟླ ༤ བའི་ནང་གི་མིག་ནད་ཚན་ཁག་གི་དབང་གྲགས་མི་སྣའི་ཚོགས་འདུའི་སྟེང་སྤྱི་ལ་ཁྱབ་བསྒྲགས་བྱས་འདུག་པ་དང་། ཁ་ན་ཏ་དང་རྒྱལ་ཁབ་གཞན་རྣམས་ཀྱིས་ཚན་རྩལ་དེ་ཉིད་ངོས་ལེན་མ་མཛད་པའི་སྔོན་དུ་སྲོག་ཆགས་ལ་ཚོད་ལྟ་གང་མང་བྱེད་རྩིས་འདུག དེ་ནས་མིག་ཤེད་ཉམས་པའི་ནད་པ་དག་ལ་ཚད་ལེན་ཚོད་ལྟ་བྱེད་སྲིད་པ་དང་། ཚོད་དཔག་བྱས་པ་ལྟར་ན་སྤྱི་ལོ ༢༠༡༧ ལོར་ཐོན་རྫས་ཕྱིར་འགྲེམ་ཐུབ་པ་རེད།
འབྲེལ་ཡོད་རྩོམ་ཡིག