ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་གོའི་རིག་དངོས་གྱོད་དོན་ཆེ་ཤོས་དེ་རྩད་ཆོད་བྱུང་ཞིང་ཉེས་ཅན་མི་སྣ ༡༧༥ འཛིན་བཟུང་ཐེབས།

2015-05-28

ཟླ ༤ པའི་ཚེས ༡༠ ཉིན།གྱོད་སྒྲུབ་མི་སྣས་རྩིས་ལེན་བྱས་པའི་རིག་དངོས་ཁག་ཅིག་ཐམ་མནན་ཉར་ཚགས་བྱེད་བཞིན་པ།

ཉེ་ཆར།སྤྱི་བདེ་པུའུ་ཡིས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་རིག་དངོས་ཉེས་གསོག་གྱོད་དོན་ཆེ་ཤོས་ཕྱིར་བསྒྲགས་པར།དོགས་ཡོད་ཉེས་ཅན་མི་སྣ ༡༧༥ འཛིན་བཟུང་ཐེབས་ཤིང་།གྱོད་འབྲེལ་རིག་དངོས ༡༡༦༨ ཕྱིར་ལེན་ཐུབ་པ་བྱུང་།གྱོད་གཞི་དེ་རྩད་ཆོད་ལེགས་པོ་བྱུང་ནའང་།རྐུ་སྔོག་ཐེངས་དུ་མར་བྱས་རྐྱེན་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ལྡན་པའི་ཉུའུ་ཧི་ལེང་བྲག་དམར་རིག་གནས་རྗེས་ཤུལ་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་ཅིང་།ཉམས་ཞེན་གྱི་རིག་དངོས་དང་། ཉམས་ཞེན་གྱི་བང་སོ་དག་ལས།ང་ཚོར་དེང་རབས་ཤེས་རིག་ཁྲོད་ཀྱི་གནའ་ཤུལ་རྙིང་པར་སྲུང་སྐྱོབ་བྱེད་རྒྱུ་དེ་ལྟར་དཀའ་བའི་རྒྱུ་མཚན་ཅི་ཡིན་ཐད་དོགས་འདྲི་བྱས་ཡོད་པ་རེད།

རྐུ་སྔོག་བྱེད་ཐབས་ཇེ་མང་དུ་སོང་པ་དང་།སྒྲིག་འགལ་སྒོས་གྲོང་ཁྱེར་འཛུགས་སྐྲུན་བྱས་པ་དེས་གཏོར་བརླག་ཆེན་པོ་ཐེབས།

ལོ་ངོ་ལྔ་སྟོང་ལྷག་གི་ཡར་སྔོན་དུ།ལོའོ་ཉིན་གྱི་བྱང་རྒྱུད་དང་།ནང་སོག་གི་ཤར་ཕྱོགས།ཧི་པེ་དང་པེ་ཅིང་འབྲེལ་མཚམས་སུ། མཆོད་སྟེགས་ཆེ་གྲས་དང་།ལྷ་ཁང་།འབྲུག་དབྱིབས་ཀྱི་མཆོད་ཆས།རྡོ་རིང་བཅས་རྒྱལ་ཁབ་ཅིག་གི་རང་གཟུགས་མཚོན་ཐུབ་པའི་གདོད་མའི་ཤེས་རིག་གི་སྤྱི་ཚོགས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་བྱང་ཕྱོགས་ཁྱིམ་གཞིས་ཞེས་པ་དེ་བྱུང་མྱོང་ཞིང་།ཁྱིམ་གཞིས་དེ་ནི་ཉུའུ་ཧི་ལེང་བྲག་དམར་རིག་གནས་གནའ་ཤུལ་རེད།

ཉེ་བའི་ལོ་འདི་འགའི་རིང་།ཁྲིམས་འགལ་བ་མི་ཉུང་པས་འདི་གའི་རིག་དངོས་དག་རྐུ་སྔོག་བྱས་པས།ཉུའུ་ཧི་ལེང་བྲག་དམར་རིག་གནས་གནའ་ཤུལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད།ལོའོ་ཉིང་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་མུའུ་ཧྥ་ཡིས་ལོ་ངོ་དུ་མར་བྲག་དམར་རིག་གནས་ལ་ཞིབ་འཇུག་བགྱི་མཁན་ཞིག་སྟེ།ཁོས"བྲག་དམར་རིག་གནས་ཁྱབ་རྒྱ་ཆེ་ཞིང་།གནའ་ཤུལ་དག་ཞིང་ཆེན་ཁག་གི་འབྲེལ་མཚམས་སུ་ཐོར་ཡོད་པས་སྲུང་སྐྱོབ་བྱེད་པར་དཀའ་ཁག་ཤིག་ཏུ་ཆེ"ཞེས་སེམས་ཁྲལ་ཆེན་པོས་བརྗོད་བྱུང་།

རྐུན་མ་དག་ལ་ལག་ཐབས་གསར་པ་མང་ཞིང་གནའ་རྫས་རྟོག་ཞིབ་སྐོར་གྱི་ཤེས་བྱ་མང་པོར་རྒྱུས་ལོན་བྱས་ཡོད་པ་མ་ཟད། ཐ་ན་ཚན་རྩལ་གྱི་བྱེད་ཐབས་ཀྱང་བཀོལ་སྤྱོད་བྱས་ཡོད།

གྱོད་སྒྲུབ་ཉེན་རྟོག་པས།གྱོད་དོན་འདིའི་མི་གཏེ་ཨང་དང་པོ་ཡའོ་ག་གེ་མོས་གནའ་རྫས་རྟོག་ཞིབ་སྐོར་གྱི་དཔེ་དེབ་མང་པོ་བཀླགས་མྱོང་།"ཁོས་ནི་བང་སོ་དང་གནའ་ཤུལ་གྱི་གནས་གཏན་འཁེལ་བྱེད་པར་ཉམས་མྱོང་ཕུན་སུམ་ཚོགས་ལ། ཕྱོགས་སྟོན་དཔྱད་ཆས་ཀྱི་རོགས་འདེགས་ཀྱང་མི་དགོས་པར་རི་རྒྱུད་དང་ཆུ་རྒྱུན། ཉི་ཟླ་སྐར་གསུམ་གྱི་གནས་ཐིག་ལྟར་ས་གནས་ཕལ་ཆེར་གཏན་འཁེལ་བྱེད་ཐུབ"ཅེས་ངོ་སྤྲོད་གནང་བྱུང་།

དེ་ཡང་ཉེས་ཚོགས་ཆེན་མོ ༡༠ ཡི་ཁྲོད།ཁ་ཤས་ཀྱིས་ཚན་རྩལ་གྱི་བྱེད་ཐབས་སྤྱད་ནས་རྐུ་སྔོག་བྱེད་ཀྱི་ཡོད།རྐུ་སྔོག་པ་མང་ཤོས་ཀྱིས་ཉེས་ཚོགས་ཨང་བདུན་པའི་གཏེ་མི་ལི་ག་གེ་མོའི་ས་ནས་སྒྲིག་ཆས་རེར་དམངས་སྒར་ཁྲི ༡.༨ བྱིན་ནས་འབྲེལ་ཡོད་སྒྲིག་ཆས་ཉོ་ཡི་འདུག

ལོའོ་ཉིང་ཞིང་ཆེན་ཁྲའོ་ཡང་གྲོང་ཁྱེར་སྤྱི་བདེ་ཅུས་རིག་དངོས་ཡན་ལག་ཅུས་ཀྱི་ཅུས་ཀྲང་ཝང་ཧུང་ཡན་གྱིས།བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱུང་མ་ཐུབ་པ་དེ་ནི་རྒྱལ་ཡོངས་ཀྱི་རིག་དངོས་གནའ་ཤུལ་མང་ཤོས་སྲུང་སྐྱོབ་བྱེད་དཀའ་བའི་རྒྱུ་རྐྱེན་གཙོ་བོ་རེད།"སྤྱི་བདེ་མི་སྣར་ཁྲིམས་ལུགས་ལག་བསྟར་གྱི་དབང་ཆ་ཡོད་ནའང་རིག་དངོས་ཀྱི་ལས་སྒོར་གསལ་ཆ་མེད་པ་དང་།རིག་དངོས་ཅུས་ཀྱི་མི་སྣར་ལས་སྒོའི་ཐད་གསལ་ཆ་ཡོད་ནའང་ཁྲིམས་ལུགས་ལག་བསྟར་གྱི་དབང་ཆ་མེད་པས"ཁྲའོ་ཡང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ཡན་ལག་ཅུས་ཐོག་མ་བཙུགས་པ་དེས་ད་རེས་ཀྱི་རིག་དངོས་རྐུ་སྔོག་གི་གྱོད་དོན་ཆེ་ཤོས་རྩད་གཅོད་བྱེད་ཐད་ནུས་པ་མི་དམན་པ་ཐོན་ཡོད་འདུག

ལས་བྱེད་མི་སྣས་གསར་འགོད་པར་རྗེས་འདེད་རྩིས་ལེན་བྱས་པའི་རིག་དངོས་སྟོན་པ།

རིག་དངོས་ཀྱི་དཔལ་འབྱོར་རིན་ཐང་ཐལ་དྲག་པོས་ཆེ་རུ་བཏང་པས།ལས་བྱེད་པ་ཁ་ཤས་ཀྱིས་ཀྱང་རིག་དངོས་ལྐོག་འཚོང་བྱེད་འདོད་ཧམ་སེམས་སྐྱེས་པ།

ཉེ་བའི་ལོ་འདི་འགའི་རིང་།དམངས་ཁྲོད་དུ་རིག་དངོས་ཉར་ཚགས་བྱེད་མཁན་ཇེ་མང་དུ་སོང་པས།རིག་དངོས་ཚོང་ར་ཡང་ཤིན་ཏུ་བྲིན་ཆེ་བར་གྱུར།དེ་ལས་ཀྱང་ཁྲིམས་འགལ་ཉེས་ཅན་པ་མང་པོས་རིག་དངོས་རྐུ་སྔོག་གི་ཧམ་སེམས་ཆེ་རུ་སྐྱེད་པ་རེད།

ཐེངས་འདིར་གྱོད་དོན་རྩད་ཆོད་བྱུང་པ་དེས་བྲག་དམར་དུས་ཀྱི་ཚོན་རྫ་དང་།གཡང་ཊི་བཅས་རྒྱལ་ཁབ་རིམ་པའི་རིག་དངོས་རྩ་ཆེན་གཅིག་བཅས་ཉར་ཚགས་ལེགས་པོ་བྱེད་ཐུབ་པ་བྱུང་།

དོགས་ཡོད་ཉེས་ཅན་ཧྥུན་ག་གེ་མོས།བྲག་དམར་གྱི་གནའ་བོའི་རིག་དངོས་ལ་མི་རྣམས་ཧང་སངས་པའི་གོང་ཆེན་སྤྲད་པས་ཀུན་ལ་རྐུ་སྔོག་གི་བློ་སེམས་སྐྱེད་དེ་རིམ་གྱིས་ཁྲིམས་འགལ་གྱི་ཉེས་པ་བསགས་པ་ཡིན་ཞེས་ངོས་ལེན་བྱས།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཁང་གི་ཞིབ་འཇུག་པ་ཨན་ཅའ་ཡའོ་ཡིས།བཅོས་སྒྱུར་སྒོ་དབྱེ་ཚུན་ལ།ཕྱི་རྒྱལ་ནས་ཀྲུང་གོའི་རིག་དངོས་ཀྱི་དགོས་མཁོ་ཇེ་ཆེར་ཕྱིན་པས་ཀྲུང་གོའི་རིག་དངོས་མང་པོ་ཕྱི་ལ་ཤོར།"རིག་དངོས་ལྐོག་འཚོང་གི་སྤྱོད་ངན་གྱིས་ལས་བྱེད་མི་སྣ་མང་པོར་ཤུགས་རྐྱེན་ཐེབས་པས།ས་གནས་ཀྱི་རིག་དངོས་སྡེ་ཚན་ནས་ས་མཚམས་འགག་སྒོའི་སྡེ་ཚན་བར་འབྲེལ་ལམ་བཙུགས་ཏེ།རྡོའི་པུར་སྒམ་ལྟ་བུའི་རིག་དངོས་མང་པོ་ཕྱི་རུ་བསྐྱལ་བ་དང་།དེ་ནས་རྐུན་མ་ཕལ་བ་གང་གིས་ཀྱང་སྒྲུབ་ཐུབ་རྒྱུ་མ་རེད"ཅེས་ཟེར།

དེ་དང་ཆབས་ཅིགཨན་ཅཱ་ཡའོ་ཡིས།མིག་སྔར་སྤྱི་ཚོགས་སྒང་ནས་རིག་དངོས་ཀྱི་རིག་གནས་རིན་ཐང་ལ་སྣང་མེད་དང་དཔལ་འབྱོར་རིན་ཐང་ལ་ཆེ་བརྗོད་ཐལ་དྲགས་བྱས་པ་དང་། རིག་དངོས་ཉར་ཚགས་དེ་ནི་ཁྱད་འཕགས་ཀྱི་དགོས་མཁོ་ཞིག་ཏུ་བསམ་པ་མ་ཟད།ཚོང་ར་ནས་རིག་དངོས་གོང་སྤར་བྲིན་ཚོང་བྱས་པས་སྤྱིར་བཏང་གོང་མཐོན་པོ་མེད་པས་རིག་དངོས་དེ་གོང་མཐོར་ཆགས་པ་རེད་ཅེས་བརྗོད་བྱུང་།

ཉེ་བའི་ལོ་འདི་འགར་མི་སྒེར་རྟེན་མཛོད་ཁང་ཡང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བཞིན་ཐོན་གྱི་ཡོད་པ་རེད།དེའི་ཐད་ལོའོ་ཉིང་ཞིང་ཆེན་རིག་དངོས་ཅུས་ཀྱི་ཆེད་མཁས་ཙུའུ་ཡི་ཙུའུ་ཀྲང་།བྲག་དམར་རིག་གནས་ཞིབ་མཇུག་མཁས་པ་ཀའོ་ཏ་ཧྲོན་གྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་འདུག"མི་སྒེར་རྟེན་མཛོད་ཁང་གིས་རིག་དངོས་རྙིང་པ་མང་པོ་བསྡུ་བཞིན་པ་དེས་རིག་དངོས་ཉོ་ཚོང་ལས་སྡིངས་ཆ་ཞིག་བསྐྲུན་པ་ཡིན་པས།དེས་ནི་རིག་དངོས་སྲུང་སྐྱོབ་བྱེད་པར་ཉེན་ཁ་ཆེན་པོ་འདུགཟེར།ཕྱི་རྒྱལ་དུ།མི་སྒེར་རྟེན་མཛོད་ཁང་གི་ཉར་ཚགས་གནང་པའི་རིག་དངོས་དག་ལ་སྒེར་ཐོ་གསལ་པོ་དགོས་ཤིང་།ཉོ་ཚོང་གི་སྡིངས་ཆ་ཚད་ལྡན་མིན་ན་ཉོ་ཚོང་བྱེད་མི་ཆོག་པའི་གཏན་འཁེལ་ཡོད་རེད།

གྱོད་དོན་འདིའི་ཉེས་ཅན་མི་སྣ་ལུའུ་ག་གེ་མོས།མིག་སྔར་མི་སྒེར་རྟེན་མཛོད་ཁང་མང་པོས་ཕྱི་ལ་རིག་དངོས་འགྲེམས་སྟོན་བྱེད་ཀྱི་ཡོད་ཅེས་བསྒྲགས་ནའང་།དེ་གར་འགྲེམས་པའི་རིག་དངོས་མང་ཤོས་ཀྱི་ཡོང་ཁུངས་གསལ་པོ་མི་འདུག་ཟེར།

རིག་དངོས་ཚོང་པ་ལི་ག་གེ་མོར་རིག་དངོས་ཚོང་ཁང་གཉིས་ཡོད་དེ།ཁཱ་ཙོ་རྫོང་གི་རིག་དངོས་མཐུན་ཚོགས་ཀྱི་ཚོགས་གཙོའི་མིང་ཐོག་ནས་རིག་དངོས་ལྐོག་འཚོང་བྱེད་ཡུལ་དུ་ཁྲིམས་འགལ་སྒོས་རིག་དངོས་ཉོ་ཚོང་བྱེད་ཀྱི་འདུག ཉོ་ཚོང་ཚོགས་པ་འདི་འདྲ་ཡོད་པའི་དབང་གིས་རྐུ་སྔོག་བྱས་པའི་རིག་དངོས་དག་བཙོང་པ་མགྱོགས་ལ།རིག་དངོས་ཀྱི་རིན་གོང་ཡང་སྒོར་ཁྲི ༡༠ ཅན་མང་ལ།ཆེས་མཐོ་ཤོས་ཤིག་ལ་སྒོར་ཁྲི ༣༢༠ བྱིན་འདུག

གནའ་རྫས་རྟོག་ཞིབ་ཀྱི་འཇོན་མི་དང་སྡེ་ཚན་དཀོན་པ།

མི་མང་པོ་ཞིག་གིས"ཅིའི་ཕྱིར་བང་སོ་རྐུས་ལ་ཤོར་རྗེས་ད་གཟོད་སྔོག་ཞིབ་བྱེད་པ"དང"རྒྱལ་ཁབ་ཀྱིས་སྔོག་འདོན་བྱས་རྗེས་རྟེན་མཛོད་ཁང་འགྲེམས་པ་དུས་ཐོག་ཏུ་མ་མཐོང་པ""གནའ་རྫས་རྟོག་ཞིབ་ཀྱིས་ནམ་ཡང་རིག་དངོས་རྐུ་སྔོག་གི་རྗེས་མ་ཆོད་པ་རེད"ཅེས་དོགས་གཞི་མང་པོ་བཏོན་འདུག

ཨན་ཅཱ་ཡའོ་ཡིས་མིག་སྔར་དངོས་ནས"གནའ་རྫས་རྟོག་ཞིབ་ཀྱིས་རིག་དངོས་རྐུ་སྔོག་གི་རྗེས་འདེད་པའི"སྣང་ཚུལ་ཐོན་ཡོད་པ་རེད།དེ་ལྟར་ནའང་།གནའ་རྫས་རྟོག་ཞིབ་དཔུང་སྡེའི་ངོས་ནས་བཤད་ན།ཕྱོགས་གཅིག་ནས་མིག་སྔར་ལས་འགན་མང་པ་དང་མི་ཤུགས་ཀྱིས་མ་འདང་ཕྱིར་རང་རྟོགས་སྒོས་སྔོག་འདོན་བྱས་པ་ཤིན་ཏུ་ཉུང་།དེ་ཡང་གཙོ་བོ་ནི་རྨང་གཞིའི་འཛུགས་བསྐྲུན་སོགས་རྒྱལ་ཁབ་ཀྱི་རྣམ་གྲངས་འཛུགས་བསྐྲུན་གཙོ་གྲས་དག་ལ་ཟུང་འབྲེལ་བརྒྱུད་གནའ་རྫས་རྟོག་ཞིབ་བྱས་པ་ཡིན་ལ།ཕྱོགས་གཅིག་ནས་སྔོག་འདོན་དེ་ཉིད་མ་གཞི་ནས་གཏོར་བརླགས་ཤིག་ཡིན་པས།གནའ་ཤུལ་ཁ་ཤས་སྔོག་འདོན་བྱས་རྗེས་སྲུང་སྐྱོབ་ལེགས་པོ་བྱས་མེད་པའི་གནད་དོན་ཐོན་ཡོད་པ་རེད།སྤྱི་ཁྱབ་ནས་བཤད་ན།ཀྲུང་གོ་གསར་པའི་གནའ་རྫས་རྟོག་ཞིབ་ནི་སྲུང་སྐྱོབ་རང་བཞིན་གྱི་སྔོག་འདོན་གྱི་རྨང་གཞིའི་སྟེང་སྒྲུབ་ཀྱི་ཡོད་པས་གཞན་དབང་དུ་གྱུར་པའི་ཚོད་དུ་སླེབས་ཡོད་པ་རེད་ཅེས་བརྗོད་བྱུང་།

ཨན་ཅཱ་ཡའོ་ཡིས་དེ་འདྲའི་གནད་དོན་འབྱུང་དོན་ཡང་གནའ་རྫས་རྟོག་ཞིབ་ཐད་ཀྱི་འཇོན་མི་དང་སྡེ་ཚན་དཀོན་པར་རག་ལས་ཡོད་དེ། རྒྱལ་ཁབ་ཀྱིས་ལོ་འདི་འགར་གནའ་རྫས་རྟོག་ཞིབ་སྲུང་སྐྱོབ་ཐད་འགྲོ་སོང་འབོར་ཆེན་བཏང་ནས་གྲུབ་འབྲས་མི་དམན་པ་ལོན་ཡོད་ཅིང་།གནའ་ཤུལ་མང་པོ་སྲུང་སྐྱོབ་ལེགས་པོ་བྱས་ཡོད་མོད།"རང་རེའི་གནའ་ཤུལ་སྔོག་འདོན་མི་སྣ་དཀོན་པས་ན་འདིའི་སྐོར་གྱི་འཇོན་མི་མང་པོ་སྐྱེད་སྲིང་བྱེད་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་པ་རེད"ཅེས་བརྗོད་བྱུང་།

འབྲེལ་ཡོད་རྩོམ་ཡིག