ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཆེད་མཁས་ཀྱིས་ཁ་པར་གྱི་བརྙན་ཤེལ་སྲུང་སྐྱི་སྦྱར་དགོས་མིན་སྐོར་གླེང་བ།

2015-06-02
           ལག་ཁྱེར་ཁ་པར་ནི་ཉེ་ལམ་སྤྱི་ཚོགས་ཁྲོད་ཀྱི་ཆེས་མེད་དུ་མི་རུང་བའི་དངོས་པོ་ཞིག་ཏུ་གྱུར་ཟིན། དེ་ལས་ཉིན་རེ་ནས་ཁྱབ་བརྡལ་འགྲོ་བ་ཆེས་མྱུར་བའི་རིག་ནུས་ཁ་པར་བཀོལ་སྤྱོད་དང་། ཡང་ན་དྲ་ལམ་དུ་འཇུག་པ། གློག་རྡུལ་རོལ་རྩེད་བརྩེ་བ། མ་རྐང་དངུལ་འཛིན་ཉོ་བ་སོགས་ཀྱང་ཁ་པར་ཀྱིས་མངོན་འགྱུར་བྱེད་ཐུབ། རང་ཅག་གིས་ཁ་པར་བརྙན་ཤེལ་སྲུང་སྐྱོབ་བྱེད་ཆེད་དུ་དེ་ལ་རྟག་པར་བརྙན་ཤེལ་སྲུང་སྐྱི་སྦྱར་བཞིན་ཡོད་ཀྱང་། ཆེད་མཁས་དག་གིས་དགོངས་པ་ལྟར་ན་དགོས་མཁོ་མེད་པར་གསུངས། གལ་སྲིད་སྦྱར་དགོས་བྱུང་ཚེ་ངེས་པར་དུ་རྒྱུ་ཆ་དང་ཐབས་ལམ་སོགས་ལ་དོ་སྣང་བྱེད་དགོས།
  ཁེ་ཚོང་བ། བརྙན་ཤེལ་སྲུང་སྐྱི་སྦྱར་བའི་ཚོང་ལས་ཧ་ཅང་བྲིན།
  ཁ་པར་ལ་བརྙན་ཤེལ་མའོ་སྦྱར་བའི་ཆེད་འཚོང་མཁན་ཞིག་གིས་གསར་འགོད་པ་ལ་ངའི་སར་ཡོང་ནས་བརྙན་ཤེལ་སྲུང་སྐྱི་སྦྱར་མཁན་ལས་མང་ཤོས་ནི་ཚོང་ཤག་རྙིང་བ་དག་ཡིན། ཁ་པར་གསར་བ་ཉོས་ཚེ་ངེས་པར་དུ་འདིར་འོང་ནས་བརྙན་ཤེལ་མེའོ་སྦྱར་གིན་ཡོད་ལ། འགའ་ཤས་ཤིག་གིས་ཁ་པར་གཅིག་ལ་བརྙན་ཤེལ་སྲུང་སྐྱི་སྣ་ཚོགས་ཉོས་ནས་སྦྱར་གིན་ཡོད་ཞེས་ལན་གདབ།
  རུས་ཁྲིན་ཅན་གྱི་ཚོང་བ་དེས་གསུངས་པ་ལྟར་ན། ཉེ་ལམ་ཁྲོམ་རྭར་འགྲེམས་བརྡལ་དུ་སོང་བའི་སྲུང་སྐྱི་ལ་རྣམ་པ་སྣ་ཚོགས་ཡོད་པ་དཔེར་ན། ཆེས་གདོད་མའི་རྣམ་པ་ཅན་དང་། རྩུབ་བརྡར་གྱི་རྣམ་པ་ཅན། དྭངས་གསལ་གྱི་རྣམ་པ་ཅན། རྡོ་ཕ་ལམ་གྱི་རྣམ་པ་ཅན། ཁྱད་པར་དུ་ལྕགས་བཟོས་ཤེལ་སྒོ་ལས་བཟོས་པའི་བརྙན་ཤེལ་སྲུང་སྐྱི་དེ་ལ་ན་གཞོན་བྱིས་པ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། རུས་ཁྲིན་ཅན་གྱི་ཚོང་བ་དེས་དེང་སྐབས་ཁ་པར་ལ་བརྙན་ཤེལ་སྲུང་སྐྱི་སྦྱར་ན་བརྙན་ཤེལ་ལ་སྲུང་སྐྱོབ་བྱེད་ཐུབ་པ་མ་ཟད་ས་ལ་ལྷུང་ཚེ་ཡང་གས་ཆག་མི་འགྲོ་བས། བརྙན་ཤེལ་སྲུང་སྐྱི་སྦྱར་ཚེ་མིག་ཟུང་ལ་གནོད་སྐྱོན་ཐེབས་མིན་སྐོར་མི་ཤེས་ཟེར།
   བརྙན་ཤེལ་ལས་སྣོན་ཚོང་བས་ཉེ་ལམ་ལག་ཁྱེར་མང་ཤོས་ཤིག་ལ་བརྙན་ཤེལ་སྲུང་སྐྱི་སྦྱར་དགོས་དོན་མེད་པར་བཤད།

  གསར་འགོད་པས་ནན་ཁྲང་གྲོང་ཁྱེར་གྱི་ལས་སྣོན་བཟོ་གྲྭ་ཞིག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ང་ཚོས་རྒྱུན་པར་གླེང་བཞིན་པའི་ལག་ཁྱེར་གྱི་བརྙན་ཤེལ་དེ་ནི་གཙོ་བོ་བརྡ་སྟོན་བརྙན་ངོས་དང་རེག་རྡེབ་བརྙན་ངོས་གཉིས་ཀྱི་སྟེང་དུ་བཀབ་པའི་བརྙན་ཤེལ་དེ་ལ་ངོས་འཛིན་ཞིང་། བརྙན་ཤེལ་དེ་གཙོ་བ་ཤེལ་སྒོ་ལས་བཟོས་པ་ཞིག་ཡིན། དཔེར་ན་ལུང་ཅིས་ལག་ཁྱེར་བརྙན་ཤེལ་སོགས་ནི་གཙོ་བོ་ཀའེ་བཟོས་ཤེལ་སྒོ་སོགས་ལས་བཟོས་པས་བརྙན་ཤེལ་གྱི་མཁྲེགས་ཚད་ནི་རྒྱུན་ལྡན་བརྙན་ཤེལ་ལས་ལྡབ་འགྱུར་གྱི་མཐོ་བར་འདུག
  བཟོ་གྲྭ་དེའི་ལས་མི་རྒན་པོ་ཞིག་གིས་རང་ཚོས་ཉེ་ལམ་སྤྱོད་བཞིན་པའི་ལག་ཁྱེར་བརྙན་ཤེལ་གྱི་སྲ་མཁྲེགས་རང་བཞིན་ཧ་ཅང་མཐོ་བས་བརྙན་ཤེལ་སྲུང་སྐྱི་སྦྱར་ཏེ་སྲུང་སྐྱོབ་བྱེད་པ་དེའང་དགོས་མིན་གྱི་བྱ་བ་ཞིག་ཡིན་པར་བསམ་མོད། འོན་ཀྱང་ལས་མི་རྒན་པོ་དེས་ལག་ཁྱེར་གྱི་སྤུས་ཚད་བཟང་པོ་མིན་ཚེ་བརྙན་ཤེལ་སྲུང་སྐྱི་སྦྱར་ཏེ་སྲུང་སྐྱོབ་བྱེད་འོས་ཞེས་གསར་འགོད་པར་ཞུས།
  འཛད་སྤྱོད་མཁན། ལག་ཁྱེར་ལ་བརྙན་ཤེལ་སྲུང་སྐྱི་སྦྱར་བ་དེས་ལག་ཁྱེར་གྱི་བརྙན་ཤེལ་མག་མོག་ཏུ་བཟོས་འགྲོ། 
  གསར་འགོད་པས་ལམ་འགྲོ་བ་བཅོ་ལྔ་ལ་བཅར་འདྲི་བྱས་པ་ལྟར་ན། ལམ་འགྲོ་བ་བཅུ་གཅིག་གིས་རང་གི་ལག་ཁྱེར་ལ་བརྙན་ཤེལ་སྲུང་སྐྱི་སྦྱར་ཡོད། བརྙན་ཤེལ་སྲུང་སྐྱི་སྦྱར་མེད་པའི་ལམ་འགྲོ་བ་དེ་ཚོའི་ལག་ཁྱེར་བརྙན་ཤེལ་ངོས་སུ་བྲད་བྲད་བྱས་པའི་ཤུལ་རྗེས་མང་པོ་ལུས་ཡོད་ཀྱང་དུས་ལྟར་དུ་གསར་བར་བརྗེ་ཐུབ་མེད།
  དུས་རྒྱུན་གྱི་ལས་དོན་འཚུབ་ཆེ་ལ་ལྕི་དྲགས་པས་བརྙན་ཤེལ་གྱི་བརྙན་ཤེལ་སྲུང་སྐྱི་གསར་བ་བརྗེ་མ་ཐུབ། དུས་ཕྱིས་སུ་བརྙན་ཤེལ་ངོས་སུ་བལྟ་དགོས་ཚེ་ཁག་པོ་ཆེ་ལ། ཉི་འོད་འཚེར་དུས་བལྟས་ཚེ་མིག་ཆུ་བཞུར་བ་སོགས་ཀྱི་ནད་རྟགས་ཐོན་གྱིན་ཡོད། རུས་ཧུང་ཅན་གྱི་གྲོགས་པོ་དེས་བརྙན་ཤེལ་སྐྱོན་ཅན་དེ་གསར་བར་མི་བརྗེ་བར་རྒྱུན་པར་བཀོལ་བས་མིག་ཟུང་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད།
  ནད་བརྟག་པ།མིག་ཟུང་གཉིས་ལ་འོད་སྣང་མ་འདང་ཚེ་ཐང་ཆད་སླ
  ཧྭ་ཨར་པིན་གསོ་རིག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཧཱན་ཆིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཁང་བའི་ཕྱི་རོལ་ནས་ཡུན་རིང་དུ་ཁ་པར་ལ་བལྟས་ན་མིག་ཟུང་ན་བ་དང་མིག་ཆུ་བཞུར་བ་སོགས་ཀྱི་ནད་རྟགས་གང་མང་འབྱུང་བ་དེ་གཙོ་བོ་ལག་ཁྱེར་བརྙན་ཤེལ་སྟེང་སྲུང་སྐྱི་སྦྱར་བ་དང་འབྲེལ་བ་ཡོད་ཞེས་གསུངས།
  ལག་ཁྱེར་ཁ་པར་གྱི་བརྙན་ཤེལ་སྟེང་བརྙན་ཤེལ་སྲུང་སྐྱི་སྦྱར་བ་ལས་འོད་ཐིག་ཟུར་འཕྲོ་བྱེད་ལ་ཐང་ཆད་པའི་སྣང་བ་དེ་སྔར་བས་ཀྱང་ཚབས་ཆེན་དུ་བཟོ། ཕྱི་རོལ་དུ་གཡེང་དུས་བརྙན་ཤེལ་སྟེང་གི་འོད་མི་གསལ་བས་བརྙན་ཤེལ་ངོས་ཀྱི་ཡིག་གཟུགས་གསལ་བོར་མཐོང་མི་ཐུབ། ཧི་པེ་བྱང་ཕྱོགས་སློབ་གླིང་གི་སྨན་པ་ཀའོ་ཡུས་ཀྱིས་ཚོང་རྭའི་བརྙན་ཤེལ་སྲུང་སྐྱི་ལ་སྤུས་ཚད་བཟང་ངན་གང་མང་མཆིས་པར་གཞིགས་ནས་ལག་ཁྱེར་བརྙན་ཤེལ་ལ་སྲུང་སྐྱི་མི་སྦྱར་བའི་གྲོས་འཆར་འདོན་གིན་ཡོད།
  རྒྱལ་ཁབ་སྤུས་རྩད་སྤྱི་ཁྱབ་ཅུས། བརྙན་ཤེལ་ངོས་སུ་བརྙན་ཤེལ་སྲུང་སྐྱི་སྦྱར་བ་ལ་དོ་སྣང་བྱེད་དགོས་པ་གསུམ། གལ་ཏེ་ཁྱོད་ཀྱིས་ཁ་པར་ལ་གཅེས་བསམ་ན་བརྙན་ཤེལ་ངོས་སུ་བརྙན་ཤེལ་སྲུང་སྐྱི་སྦྱར་རུང་ཡང་། འོན་ཀྱང་དེ་དང་འབྲེལ་བའི་ཤེས་བྱ་འགའ་ངེས་པར་དུ་ཤེས་དགོས། ཚོང་རྭའི་ཁྲོད་ཀྱི་བརྙན་ཤེལ་སྲུང་སྐྱི་ལ་རྣམ་པ་གང་ཡང་ཡོད་ཀྱང་རྒྱུ་ཆའི་ཆ་ནས་བལྟས་ན་གཙོ་བོ་PPརྒྱུ་ཆ་དང་PVCརྒྱུ་ཆ།PETརྒྱུ་ཆ།ARMརྒྱུ་ཆ་སོགས་བཞི་བོ་ལས་མ་འདས། དེ་དག་ལས་ཀྱང་ PETརྒྱུ་ཆ་དང་ARMརྒྱུ་ཆ་ལས་བཟོས་པའི་བརྙན་ཤེལ་སྲུང་སྐྱི་ནི་ཆེས་མཆོག་ཏུ་གྱུར་བ་དེ་ཡིན།
  རྒྱལ་ཁབ་སྤུས་རྩད་སྤྱི་ཁྱབ་ཅུས་ཀྱིས་འཛད་སྤྱོད་པར་གསལ་འདེབས་བྱས་པ་ལྟར་ན། བརྙན་ཤེལ་སྲུང་སྐྱི་འདེམས་ཉོ་བྱེད་དུས་རྒྱུ་ཆ་ལ་མཉམ་འཇོག་བྱེད་དགོས་པ་མ་ཟད། ད་དུང་སྲ་མཁྲེགས་རང་བཞིན་དང་དྭངས་གསལ་རང་བཞིན། འབྱར་གཤིས་སོགས་ལ་ཡང་དོ་སྣང་བྱེད་དགོས་པར་བཤད།
  ༡ སྲ་མཁྲེགས་རང་བཞིན།
  ལག་ཁྱེར་ལ་བརྙན་ཤེལ་སྲུང་སྐྱི་སྦྱར་དོན་ནི་ལག་ཁྱེར་ལ་སྲུང་སྐྱོབ་བྱེད་ཆེད་ཡིན་པས་ངེས་པར་དུ་སྲ་མཁྲེགས་རང་བཞིན་བཟང་པོ་ཞིག་ཡོད་དགོས། སྲ་མཁྲེགས་རང་བཞིན་བཟང་བའི་བརྙན་ཤེལ་སྲུང་སྐྱི་ཡི་འཇམ་ཚད་ཀྱང་དེ་ལྟར་དུ་བཟང་བར་མངོན།
  ༢ དྭངས་གསལ་རང་བཞིན།
  དྭངས་གསལ་རང་བཞིན་བཟང་བའི་ལག་ཁྱེར་ཁ་པར་བཀོལ་སླ་བར་མངོན་ཏེ། ཆེད་ལས་མཁས་པ་དག་གིས་ངོ་སྤྲོད་བྱས་པ་ལྟར་ན་བརྙན་ཤེལ་སྲུང་སྐྱི་བཟང་ཤོས་ཁག་གི་གསལ་ཚད་95%ཡས་མས་སུ་ཡོད་ལ། བརྙན་ཤེལ་སྲུང་སྐྱི་སྤུས་ཞན་ཁག་གི་གསལ་ཚད་དེ་80%མན་དུ་ཡོད། སྤྱིར་བཏང་གི་བརྙན་ཤེལ་སྲུང་སྐྱི་ཞིག་གི་གསལ་ཚད་དེ97%ལས་མི་འདའ་ལ་99%ལ་ནམ་ཡང་སླེབས་མི་སྲིད། PETརྒྱུ་ཆ་དང་ ARMརྒྱུ་ཆ་ལས་བཟོས་པའི་བརྙན་ཤེལ་སྲུང་སྐྱི་དྭངས་གསལ་རང་བཞིན་ཆེས་བཟང་ཤོས་དེ་ཡིན།
  ༣ འབྱར་གཤིས།
  བརྙན་ཤེལ་སྲུང་སྐྱི་བཟང་གྲས་ཤིག་ཡིན་ཚེ་འབྱར་གཤིས་བཟང་པོ་ཞིག་ཡོད་འོས། འབྱར་གཤིས་བཟང་པོ་ཞིག་ཡོད་ཚེ་ད་གཟོད་བརྙན་ཤེལ་ངོས་སུ་དབུགས་སྒང་ཆགས་མི་སྲིད་ལ་ཡང་དང་བསྐྱར་དུ་སྦྱར་བཀོག་བྱས་ཀྱང་ཆོག བརྙན་ཤེལ་མའོ་བཟང་གྲས་ཤིག་ཡིན་ཚེ་སྦྱར་ཆུ་ཡང་བྱུགས་མི་དགོས་པས་ཆུ་བཤལ་ལན་མང་བྱས་ཀྱང་བཙོག་སྐྱོན་མི་ཤོར་བའི་བཟང་ཆ་ཡོད།
  གལ་སྲིད་ཆ་རྐྱེན་གེགས་སུ་མ་སོང་ཚེ། སྤུས་དག་བརྙན་ཤེལ་སྲུང་སྐྱི་ཉོས་ན་རྒྱུ་ཆ་དང་སྤུས་ཚད་གང་གི་ཐད་ནས་ཀྱང་འགན་སྲུང་ཡོད་པར་མངོན།
  དེར་མ་ཟད། བརྙན་ཤེལ་སྲུང་སྐྱི་སྦྱར་དུ་དབུགས་སྒང་ཆགས་པར་བྱེད་མི་རུང་། མ་བྱས་ཚེ་ཁ་དབུགས་དང་ས་རྡུལ་སོགས་དབུགས་སྒང་ནང་ངོས་སུ་ཆགས་ཏེ་བརྙན་ཤེལ་ངོས་ཀྱི་ཡི་གེ་དང་མཛེས་རིས་སྒྲིབ་པར་བྱས་ཏེ། མཐའ་མར་མིག་ཟུང་ཐང་ཆད་པའི་སྣང་བ་འཆར་ངེས། གལ་སྲིད་རང་ཉིད་ཀྱིས་སྦྱར་མི་ཐུབ་ཚེ་ཆེད་འཚོང་ཁང་དུ་སོང་ནས་སྦྱར་རྒྱུ་ནི་གདམ་གསེས་ཆེས་བཟང་ཤོས་དེ་ཡིན་པ་རེད།
འབྲེལ་ཡོད་རྩོམ་ཡིག