ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་རང་སྐྱོང་ལྗོངས་ཀྱི་དང་བླངས་ཞབས་ཞུའི་སྲོལ་ཡིག

2015-06-02
(2015ལོའི་ཟླ་དང་པོའི་ཚེས་14ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོཌ་འདུ་ཐེངས་བཅུ་བཞི་པའི་ཐོག་གྲོས་འཆམ་བྱུང་བ)
          དོན་ཚན་དང་པོ། ལེགས་སྐྱེས་འབུལ་བ་དང་། བརྩེ་སེམས་ལྡན་པ། ཕན་ཚུན་རོགས་རམ། ཡར་ཐོན་ཡོང་བ་བཅས་ཀྱི་དང་བླངས་ཞབས་ཞུའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་། དང་བླངས་ཞབས་ཞུའི་བྱེད་སྒོ་ཚད་ལྡན་བཟོས་ཏེ་དང་བླངས་པ་དང་། དང་བླངས་པའི་རྩ་འཛུགས། དང་བླངས་ཞབས་ཞུ་སྒྲུབ་ཡུལ་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ཏེ་ཞི་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།
          དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་སྒྲིག་འཛུགས་ཡོད་པའི་དང་བླངས་ཞབས་ཞུའི་བྱེད་སྒོའི་ཐད་སྤྱད་ཆོག
          དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་དང་བླངས་ཞབས་ཞུ་ཞེས་པ་ནི་ཐོབ་ཆ་རག་ཐབས་བྱ་རྒྱུ་དམིགས་ཡུལ་དུ་མི་བཟུང་བར་རང་མོས་ཐོག་ཤེས་བྱ་དང་། རྩལ་ནུས། ཟུངས་ནུས། དུས་ཚོད་སོགས་ཀྱི་ཐོག་ནས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་མི་གཞན་ལ་རོགས་རམ་བྱེད་པའི་སྤྱི་ཕན་རང་བཞིན་གྱི་བྱེད་སྒོར་ཟེར། སྲོལ་ཡིག་འདིའི་ནང་བརྗོད་པའི་དང་བླངས་པ་ཞེས་པ་ནི་དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་མཁན་གྱི་མི་རང་བཞིན་པ་ཞིག་ལ་ཟེར། སྲོལ་ཡིག་འདིའི་ནང་བརྗོད་པའི་དང་བླངས་པའི་རྩ་འཛུགས་ཞེས་པ་ནི་ཁེ་སྤོགས་མེད་པའི་དང་བླངས་ཞབས་ཞུ་སྒྲུབ་མཁན་སྤྱི་ཚོགས་ཀྱི་སྤྱི་ཕན་རྩ་འཛུགས་ལ་ཟེར།
          དོན་ཚན་བཞི་པ། དང་བླངས་ཞབས་ཞུའི་བྱེད་སྒོའི་རིགས་སྤེལ་སྐབས་ངེས་པར་དུ་རང་མོས་དང་། རིན་མེད། འདྲ་མཉམ། ཟོལ་མེད། ཁྲིམས་མཐུན་བཅས་ཀྱི་རྩ་དོན་སྲུང་དགོས།
          དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་བསམ་པའི་དཔལ་ཡོན་དར་སྤེལ་མཛུབ་ཁྲིད་ལས་ཁུངས་ཀྱིས་རང་སྲིད་འཛིན་ཁུལ་གྱི་དང་བླངས་ཞབས་ཞུའི་བྱེད་སྒོར་འཆར་འགོད་དང་། མཐུན་སྦྱོར། ལྟ་སྐུལ། ཞིབ་བཤེར་བཅས་བྱེད་འགན་འཁུར་དགོས། རྫོང་རིམ་ཡན་གྱི་བསམ་པའི་དཔལ་ཡོན་དར་སྤེལ་མཛུབ་ཁྲིད་ལས་ཁུངས་ཀྱི་གྲུབ་ཁོངས་ཚན་པས་རང་སོ་སོའི་འགན་འཁྲི་གཞིར་བཟུང་ལས་བགོས་ཁྱབ་ཁོངས་ནང་གི་དང་བླངས་ཞབས་ཞུའི་བྱེད་སྒོར་མཛུབ་ཁྲིད་བྱེད་དགོས།
          དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་དང་བླངས་ཞབས་ཞུའི་བྱ་གཞག་གོང་སྤེལ་གཏོང་རྒྱུར་ཁྲིད་སྟོན་དང་། རྒྱབ་སྐྱོར། སྐུལ་འདེད་བཅས་གཏོང་དགོས་པ་དང་། དང་བླངས་ཞབས་ཞུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གཏོང་རྒྱུའི་འཆར་འགོད་ནང་འཇུག་དགོས་པ་མ་ཟད། དང་བླངས་པའི་རྩ་འཛུགས་དང་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུ་དང་། དེ་བཞིན་དོ་དམ་གྱི་ལས་ཀར་དགོས་ངེས་ཀྱི་འགྲོ་གྲོན་དང་དངོས་པོ་གཏོང་དགོས།
          དོན་ཚན་བདུན་པ། སྤྱི་ཚོགས་ཡོངས་ཀྱིས་ངེས་པར་དུ་དང་བླངས་ཞབས་ཞུའི་བྱེད་སྒོར་རྒྱབ་སྐྱོར་བྱེད་དགོས་པ་དང་། དང་བླངས་པ་དང་དེས་སྒྲུབ་པའི་ཞབས་ཞུར་བརྩི་འཇོག་བྱེད་དགོས། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་རྩ་འཛུགས། ཁེ་ལས་བྱ་གཞག་ཚན་པ། གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་བཅས་ཀྱིས་ངེས་པར་དུ་དང་བླངས་པའི་རྩ་འཛུགས་དང་དང་བླངས་པས་སྤེལ་བའི་དང་བླངས་ཞབས་ཞུའི་བྱེད་སྒོར་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་པ་མ་ཟད། མཐུན་རྐྱེན་ཡང་སྐྲུན་དགོས། སློབ་མས་ནུས་པས་ལྕོགས་ཚོད་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོའི་ནང་ཞུགས་པར་སློབ་གསོའི་སྲིད་འཛིན་སྡེ་ཚན་དང་སློབ་གྲྭས་ངེས་པར་དུ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར་དུས་དེབ། དྲ་རྒྱ་སོགས་སྨྱན་སྦྱོར་ཚན་པས་ངེས་པར་དུ་རིན་མེད་ཐོག་དང་བླངས་ཞབས་ཞུའི་སྤྱི་ཕན་རང་བཞིན་གྱི་དྲིལ་བསྒྲགས་སྤེལ་དགོས།
          དོན་ཚན་བརྒྱད་པ། ལོ་ལྟར་གྱི་ཟླ་3ཚེས་5ཉིན་དེ་རང་སྐྱོང་ལྗོངས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོའི་དྲིལ་བསྒྲགས་ཉིན་མོར་གཏན་འཁེལ་བྱ་རྒྱུ།
          དོན་ཚན་དགུ་པ། དང་བླངས་པར་ངེས་པར་དུ་དེ་གས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུ་དང་འཚམ་པའི་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ལྡན་དགོས། ནར་མ་སོན་པའི་མི་དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་རྒྱུ་སྒྲིག་འཛུགས་བྱེད་དགོས་ན་ངེས་པར་དུ་མི་དེའི་ན་ཚོད་དང་ལུས་སེམས་ཀྱི་གནས་ཚུལ་དང་འཚམ་དགོས་ལ། ལྟ་སྐྱོང་པའི་མོས་མཐུན་ཡང་ཐོབ་པ་བྱེད་དགོས།
          དོན་ཚན་བཅུ་པ། དང་བླངས་པར་གཤམ་གསལ་གྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་སྟེ།
          (གཅིག) དང་བླངས་ཞབས་ཞུའི་བྱེད་སྒོའི་དགོས་ངེས་ཀྱི་ཤེས་བྱ་དང་རྩལ་ནུས་སྦྱོང་བརྡར་ཐོབ་དབང་དང་།
          (གཉིས) དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བའི་ཆ་འཕྲིན་ཇི་མ་ཇི་བཞིན་དང་། གནད་འཕིགས། ཆ་ཚང་བ་བཅས་དང་། དེ་བཞིན་དགོས་ངེས་ཀྱི་དངོས་པོ་དང་བདེ་འཇགས་ཀྱི་འགན་སྲུང་ཐོབ་དབང་། (གསུམ) དང་བླངས་ཞབས་ཞུའི་རྩ་འཛུགས་ཀྱི་ལས་ཀར་ལྟ་སྐུལ་བྱས་ཏེ་བསམ་འཆར་དང་གྲོས་འཆར་འདོན་དབང་།
          (བཞི) རང་ཉིད་ལ་དཀའ་ངལ་འཕྲད་སྐབས་དང་བླངས་པའི་རྩ་འཛུགས་ཀྱི་རོགས་རམ་སྔོན་ལ་ཐོབ་དབང་།
          (ལྔ) དང་བླངས་པའི་རྩ་འཛུགས་ནང་ཞུགས་པ་དང་ཕྱིར་འཐེན་བྱ་རྒྱུ་རང་མོས།
          (དྲུག) ཁྲིམས་ལུགས་ཁྲིམས་སྲོལ་དང་དང་བླངས་པའི་རྩ་འཛུགས་ཀྱི་སྒྲིག་ཡིག་ནང་འཁོད་པའི་ཁེ་དབང་གཞན་དག་བཅས་སོ།
          དོན་ཚན་བཅུ་གཅིག་པ། དང་བླངས་པས་ངེས་པར་དུ་གཤམ་གསལ་གྱི་འོས་འགན་སྒྲུབ་དགོས་པ་སྟེ།
          (གཅིག)དང་བླངས་པའི་རྩ་འཛུགས་ཀྱི་སྒྲིག་ཡིག་དང་དོ་དམ་ཐད་ཀྱི་གཏན་འབེབས་གཞན་དག་ལ་བརྩི་སྲུང་ཞུ་དགོས་པ་དང་། དང་བླངས་པའི་རྩ་འཛུགས་དང་དང་བླངས་པའི་མཚན་སྙན་དང་མིང་གྲགས་ལ་སྲུང་སྐྱོང་བྱེད་དགོས་པ་དང་།
          (གཉིས)རང་ཉིད་ཀྱི་གཞི་རྩའི་ཆ་འཕྲིན་ཇི་མ་ཇི་བཞིན་དང་གནད་འཕིགས་མཁོ་འདོན་བྱེད་དགོས་པ།
          (གསུམ)དང་བླངས་ཞབས་ཞུའི་ཁས་ལེན་དང་ཞབས་ཞུའི་གྲོས་དོན་ཁ་ཆད་ཀྱི་འོས་འགན་བསྒྲུབས་ཏེ་དང་བླངས་པའི་རྩ་འཛུགས་ཀྱིས་བཀོད་སྒྲིག་བྱས་པའི་ལས་དོན་ལེགས་སྒྲུབ་བྱེད་དགོས་པ། (བཞི)དང་བླངས་ཞབས་ཞུ་སྒྲུབ་ཡུལ་གྱི་འདོད་བློ་དང་མི་གཤིས་ལ་བརྩི་འཇོག་བྱེད་དགོས་པ་དང་། དང་བླངས་ཞབས་ཞུ་སྒྲུབ་ཡུལ་གྱི་སྒེར་གྱི་གསང་དོན་དང་གསང་བ་དམ་སྲུང་བྱེད་དགོས་པ་ལས་དང་བླངས་ཞབས་ཞུ་སྒྲུབ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱོན་བཟོ་མི་ཆོག་པ།
          (ལྔ)ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་དགོས་པ།
          (དྲུག)རྒྱུ་རྐྱེན་གང་རུང་གིས་དང་བླངས་ཞབས་ཞུའི་ལས་འགན་ལེགས་སྒྲུབ་བྱེད་མི་ཐུབ་སྐབས་དུས་ཐོག་ཏུ་དང་བླངས་པའི་རྩ་འཛུགས་ལ་གསལ་བཤད་བྱེད་དགོས་པ།
          (བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་བྱས་པའི་འོས་འགན་གཞན་དག་བཅས་སོ།
          དོན་ཚན་བཅུ་གཉིས་པ། དང་བླངས་པས་དང་བླངས་ཞབས་ཞུ་སྒྲུབ་སྐབས་ངེས་པར་དུ་དང་བླངས་ཞབས་ཞུ་པའི་ངོས་རྟགས་འདོགས་དགོས། ཚན་པ་དང་མི་སྒེར་གང་རུང་གིས་དང་བླངས་པའི་རྩ་འཛུགས་སམ་ཡང་ན་དང་བླངས་པའི་མིང་དང་ངོས་རྟགས་ལ་བརྟེན་ནས་ཁེ་སྤོགས་རང་བཞིན་གྱི་བྱེད་སྒོའམ་ཡང་ན་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་མི་ཆོག
          དོན་ཚན་བཅུ་གསུམ་པ། རྫོང་རིམ་ཡན་གྱི་སྲིད་འཛིན་ས་ཁོངས་ཀྱིས་ཁྲིམས་བཞིན་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་བཙུགས་ཆོག་པ་མ་ཟད། སྲིད་འཛིན་ས་ཁོངས་དེ་གའི་ནང་གི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་འགན་འཁུར་དགོས། དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་བཙུགས་མེད་རིགས་ལ་རིམ་ཁག་གཞོན་ནུ་དང་བླངས་མཐུན་ཚོགས་ཀྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་འགན་འཁུར་དགོས། རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ། གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་རང་སོ་སོའི་ལས་ཀའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ཁྲིམས་བཞིན་དང་བླངས་ཞབས་ཞུའི་རུ་ཁག(ས་ཚུགས)བཙུགས་ཆོག་ལ། དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་དང་གཞོན་ནུ་དང་བླངས་མཐུན་ཚོགས་ཀྱི་ཚོགས་པའི་ཁོངས་མིའི་ནང་ཞུགས་རྒྱུ་རེ་འདུན་ཞུས་ཆོག་པ་མ་ཟད། དེ་གའི་དོ་དམ་དང་ལེན་ཡང་ཞུ་དགོས།
          དོན་ཚན་བཅུ་བཞི་པ། དང་བླངས་པའི་རྩ་འཛུགས་ཀྱིས་གཤམ་གསལ་གྱི་འགན་འཁྲི་སྒྲུབ་དགོས་པ་སྟེ།
          (གཅིག) དང་བླངས་ཞབས་ཞུའི་སྒྲིག་ཡིག་བཟོས་ཏེ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་དང་།
          (གཉིས) དང་བླངས་པ་བསྡུ་འཇུག་དང་། དེབ་སྐྱེལ་ཐོ་འགོད། སྦྱོང་བརྡར། དཔྱད་ཞིབ། གཟེངས་བསྟོད། དོ་དམ་སོགས་ཀྱི་ལས་ཀའི་འགན་འཁུར་དགོས་པ།
          (གསུམ) དང་བླངས་པར་རོགས་རམ་དང་དང་བླངས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ།
          (བཞི) དང་བླངས་ཞབས་ཞུའི་བྱེད་སྒོའི་མ་དངུལ་དང་དངོས་ཟོག་ཁྲིམས་བཞིན་གྲབས་གསོག་དང་། བེད་སྤྱོད། དོ་དམ་བཅས་བྱེད་དགོས་པ།
          (ལྔ) དང་བླངས་ཞབས་ཞུའི་དྲིལ་བསྒྲགས་དང་ཕྱི་ཕྱོགས་ལ་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་དགོས་པ།
          (དྲུག) དང་བླངས་པའི་རྩ་འཛུགས་ཀྱི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་སོ།
          དོན་ཚན་བཅོ་ལྔ་པ། དང་བླངས་པའི་རྩ་འཛུགས་ཀྱིས་ངེས་པར་དུ་དང་བླངས་པའི་དེབ་སྐྱེལ་ཐོ་འགོད་ལམ་ལུགས་དང་། དང་བླངས་པས་དང་བླངས་ཞབས་ཞུ་སྒྲུབ་པའི་དུས་ཚོད་རིམ་རྩིས་དང་ལས་ཕྱོད་དཔྱད་གདེང་ལམ་ལུགས་འཛུགས་དགོས་ཤིང་། དང་བླངས་པས་དང་བླངས་ཞབས་ཞུའི་བྱེད་སྒོའི་ནང་ཞུགས་པའི་གནས་ཚུལ་ངེས་པར་དུ་ཟིན་བཀོད་བྱེད་དགོས་པ་དང་། དང་བླངས་ཞབས་ཞུའི་ཡིག་ཚགས་བཟོ་དགོས་པ་མ་ཟད། དང་བླངས་ཞབས་ཞུའི་དུས་ཚོད་ཀྱི་རིམ་རྩིས་དང་ལས་ཕྱོད་དེ་དང་བླངས་པར་དཔྱད་ཞིབ་དང་གཟེངས་བསྟོད་བྱེད་པའི་གཞི་འཛིན་སར་ཡང་བརྩི་དགོས། དང་བླངས་པའི་རྩ་འཛུགས་ཀྱིས་ངེས་པར་དུ་དེབ་སྐྱེལ་ཐོ་འགོད་བྱས་པའི་དང་བླངས་པར་ལག་ཁྱེར་སྤྲོད་དགོས། དང་བླངས་པའི་རེ་འདུན་གཞིར་བཟུང་། དེ་གར་དང་བླངས་ཞབས་ཞུའི་ནང་ཞུགས་པའི་དཔང་ཡིག་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས།
          དོན་ཚན་བཅུ་དྲུག་པ། དང་བླངས་པའི་རྩ་འཛུགས་ཀྱིས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་དང་བླངས་པའི་འདོད་བློར་བརྩི་འཇོག་བྱེད་དགོས་པ་དང་། དེའི་དུས་ཚོད་དང་འཇོན་ཐང་སོགས་ཀྱི་ཆ་རྐྱེན་ལ་གཞིགས་ཏེ། དང་བླངས་ཞབས་ཞུའི་དགོས་མཁོ་ཡོད་མཁན་དང་བསྡུ་ལེན་བྱེད་མཁན་གྱི་ས་ཁུལ་དུ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བར་དང་བླངས་པ་སྒྲིག་འཛུགས་དང་འོས་སྦྱོར་བྱེད་དགོས་པ་མ་ཟད། འཚོ་བ་དང་། བདེ་འཇགས། འཕྲོད་བསྟེན། སྨན་བཅོས་སོགས་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་ཁར་འགན་སྲུང་ཡང་བྱེད་དགོས།
          དོན་ཚན་བཅུ་བདུན་པ། དང་བླངས་པའི་རྩ་འཛུགས་ཀྱིས་སྤྱིར་ངེས་པར་དུ་གལ་ཆེའི་དོ་དམ་གྱི་འགན་འཁྲི་དང་དཔལ་འབྱོར་གྱི་འགན་འཁྲི་འཁུར་དགོས་པའམ་ཡང་ན་མི་ལུས་ལ་གནོད་སྐྱོན་ཆེ་ཙམ་ཕོག་ཉེན་ཡོད་པའི་ཞབས་ཞུའི་བྱེད་སྒོར་དང་བླངས་པ་བཀོད་སྒྲིག་བྱ་རྒྱུ་མེད། སྤྱི་ཚོགས་ཀྱི་བྱེད་སྒོ་ཆེ་གྲས་ལ་དང་བླངས་ཞབས་ཞུ་སྒྲུབ་མཁན་དང་བླངས་པའི་རྩ་འཛུགས་ཀྱིས་ངེས་པར་དུ་དང་བླངས་ཞབས་ཞུའི་འཕྲལ་སྡོམ་སྔོན་ཇུས་བཟོ་དགོས་པ་མ་ཟད། དང་བླངས་པའི་མིང་བབ་ལ་ཞིབ་དཔྱད་ཀྱང་བྱེད་དགོས།
          དོན་ཚན་བཅོ་བརྒྱད་པ། དང་བླངས་པའི་རྩ་འཛུགས་དང་དང་བླངས་པས་ཉེན་སྐྱོབ་གེགས་སེལ་དང་འཕྲལ་སྡོམ་རོགས་སྐྱོབ་ནང་ཞུགས་སྐབས་ངེས་པར་དུ་ས་གནས་དེ་གའི་མི་དམངས་སྲིད་གཞུང་གི་གཅིག་གྱུར་བཀོད་འདོམས་དང་དོ་དམ་ལ་དང་ལེན་ཞུ་དགོས།
          དོན་ཚན་བཅུ་དགུ་པ། དང་བླངས་པའི་རྩ་འཛུགས་ཀྱིས་དང་བླངས་བྱེད་སྒོའི་དགོས་མཁོ་གཞིར་བཟུང་དང་བླངས་པར་བབ་མཚུངས་ཀྱི་མི་ལུས་ཐད་ཀྱི་འགན་བཅོལ་བྱས་ཆོག དང་བླངས་པའི་རྩ་འཛུགས་ཀྱིས་དང་བླངས་པར་བབ་མཚུངས་ཀྱི་ཉེན་ཁ་ཡོད་པའི་དང་བླངས་ཞབས་ཞུ་བྱ་རྒྱུ་བཀོད་སྒྲིག་བྱེད་སྐབས་ངེས་པར་དུ་དང་བླངས་པར་བབ་མཚུངས་ཀྱི་མི་ལུས་ཐད་ཀྱི་འགན་བཅོལ་བྱེད་དགོས།
          དོན་ཚན་ཉི་ཤུ་པ། དང་བླངས་པའི་རྩ་འཛུགས་ཀྱིས་ངེས་པར་དུ་དང་བླངས་པ་མི་སྒེར་གྱི་ཆ་འཕྲིན་གསང་སྲུང་བྱེད་དགོས་ཤིང་། དང་བླངས་པ་རང་ཉིད་ཀྱི་མོས་མཐུན་མེད་པར་དེ་གའི་ཆ་འཕྲིན་ཡོངས་བསྒྲགས་སམ་ཡང་ན་མི་གཞན་ལ་མཁོ་འདོན་བྱེད་མི་ཆོག
          དོན་ཚན་ཉེར་གཅིག་པ། སྲིད་གཞུང་སྡེ་ཚན་དང་། མི་དམངས་ཚོགས་པ། དེ་བཞིན་དགེ་སྒྲུབ་དང་རོགས་སྐྱོབ་སོགས་སྤྱི་ཚོགས་རྩ་འཛུགས་ནས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོ་དང་། འཕྲལ་སྡོམ་རོགས་སྐྱོབ། དེ་བཞིན་རིག་གནས་དང་། ལུས་རྩལ། ཚན་རྩལ་སོགས་ཀྱི་བྱེད་སྒོ་ཆེ་གྲས་གཉེར་རྒྱུ་བཅས་ཀྱི་དགོས་མཁོ་གཞིར་བཟུང་དང་བླངས་པ་བསྡུས་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཆོག་ལ། དང་བླངས་པའི་རྩ་འཛུགས་ལ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུའི་མངགས་བཅོལ་ཡང་བྱས་ཆོག
          དོན་ཚན་ཉེར་གཉིས་པ། དང་བླངས་ཞབས་ཞུའི་ཁྱབ་ཁོངས་གཙོ་བོའི་གྲས་སུ་དབུལ་སྐྱོར་གུད་སྐྱོབ་དང་། རྒན་རྒོན་དང་བྱིས་པར་རོགས་རམ། དབང་པོ་སྐྱོན་ཅན་དང་ཉམས་ཞན་རིགས་གྲས་ལ་རོགས་རམ། སློབ་གསོའི་ཐད་ཀྱི་རོགས་སྐྱོར། ཁོར་ཡུག་སྲུང་སྐྱོབ། ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས། སྨན་བཅོས་འཕྲོད་བསྟེན། རིག་གནས་ཞབས་ཞུ། དུས་བདེ་བསྐྲུན་རྒྱུ། བཅའ་ཁྲིམས་ཀྱི་རོགས་སྐྱོར། འཕྲལ་སྡོམ་རོགས་སྐྱོབ། སེམས་གསོ། སྡེ་ཁུལ་ཞབས་ཞུ། འགྲན་བསྡུར(འགྲེམས་ཚོགས)ཆེ་གྲས་སོགས་སྤྱི་ཚོགས་སྤྱི་ཕན་གྱི་ཞབས་ཞུ་ཚུད་ཡོད།
          དོན་ཚན་ཉེར་གསུམ་པ། དང་བླངས་ཞབས་ཞུའི་དགོས་མཁོ་ཡོད་པའི་ཚན་པ་དང་མི་སྒེར་གྱིས་དང་བླངས་པའི་རྩ་འཛུགས་ལ་དང་བླངས་ཞབས་ཞུ་བསྒྲུབ་རྒྱུའི་རེ་བ་བཏོན་ཆོག་པ་མ་ཟད། སྒྲུབ་དགོས་པའི་དོན་གནད་ཀྱི་ཆ་འཕྲིན་ཆ་ཚང་བ་དང་མངོན་མེད་ཉེན་ཁ་གང་ཡོད་པའང་གསལ་པོ་ཞུ་དགོས། དང་བླངས་པའི་རྩ་འཛུགས་ཀྱིས་དང་བླངས་ཞབས་ཞུའི་རེ་བ་བཏོན་པར་ངེས་པར་དུ་འཕྲལ་མར་ལན་འདེབས་བྱེད་དགོས།
          དོན་ཚན་ཉེར་བཞི་པ། དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བར་གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་ན་དང་བླངས་པའི་རྩ་འཛུགས་དང་དང་བླངས་པ། དང་བླངས་པའི་རྩ་འཛུགས་དང་དང་བླངས་ཞབས་ཞུ་སྒྲུབ་ཡུལ་དབར་ངེས་པར་དུ་ཡིག་ཐོག་ནས་གྲོས་མཐུན་འཇོག་དགོས་པ་སྟེ།
          (གཅིག) མི་ལུས་བདེ་འཇགས་དང་ལུས་སེམས་བདེ་ཐང་ལ་ཉེན་ཁ་ཡོད་པ་དང་།
          (གཉིས) བསྟུད་མར་ཟླ་བ་གསུམ་ཡན་གྱི་ཆེད་བསྐོས་ཞབས་ཞུ་སྒྲུབ་དགོས་པ།
          (གསུམ) འགྲན་བསྡུར(འགྲེམས་ཚོགས)ཆེ་གྲས་སམ་ཡང་ན་སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ལ་དང་བླངས་ཞབས་ཞུ་སྒྲུབ་དགོས་པ།
          (བཞི) དང་བླངས་པ་སྒྲིག་འཛུགས་བྱས་ནས་རང་སྲིད་འཛིན་ཁུལ་ཕུད་པའི་ས་ཁོངས་ལ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་དགོས་པ།
          (ལྔ) རྒྱལ་ཁོངས་གཞན་གྱི་མི་དང་འབྲེལ་བ་ཡོད་པ།
          (དྲུག) ཕྱོགས་གང་ཞིག་གིས་ཡིག་ཐོག་གྲོས་མཐུན་འཇོག་རྒྱུའི་རེ་བ་བཏོན་པ་བཅས་སོ།
          དོན་ཚན་ཉེར་ལྔ་པ། དང་བླངས་ཞབས་ཞུའི་གྲོས་དོན་ནང་ངེས་པར་དུ་གཤམ་གསལ་ནང་དོན་ཁག་གཏོགས་དགོས་པ་སྟེ།
          (གཅིག) དང་བླངས་ཞབས་ཞུའི་ནང་དོན་དང་། དུས་ཚོད། གནས་ཡུལ་བཅས་དང་།
          (གཉིས) དང་བླངས་ཞབས་ཞུའི་ནང་ཞུགས་རྒྱུར་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན།
          (གསུམ) དང་བླངས་པ་དང་དང་བླངས་པའི་རྩ་འཛུགས་ཀྱི་ཁེ་དབང་དང་འོས་འགན།
          (བཞི) དང་བླངས་ཞབས་ཞུའི་དངོས་པོའི་འགན་སྲུང་། 
          (ལྔ) ཉེན་ཁ་འགོག་ཟོན་བྱ་ཐབས།
          (དྲུག) འབྲེལ་ཡོད་འགན་འཁྲིའི་དོན་ཚན།
          (བདུན) གྲོས་དོན་བརྗེ་སྒྱུར་དང་རྩིས་མེད་གཏོང་རིགས།
          (བརྒྱད) རྩོད་གཞི་ཐག་གཅོད་བྱ་ཐབས།
          (དགུ) ཁ་གསལ་བཟོ་དགོས་པའི་དོན་ཚན་གཞན་དག་བཅས་སོ།
          དོན་ཚན་ཉེར་དྲུག་པ། དང་བླངས་པའི་རྩ་འཛུགས་དང་དང་བླངས་ཞབས་ཞུའི་བྱེད་སྒོའི་འགྲོ་གྲོན་ཡོང་ཁུངས་གཙོ་བོ་ནི་སྲིད་གཞུང་དང་ནོར་སྲིད་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། དེ་བཞིན་ཁྲིམས་ལྟར་ཐོབ་པའི་སྤྱི་ཚོགས་ཀྱི་ཞལ་འདེབས་དང་། རོགས་སྐྱོར། ཁྲིམས་མཐུན་གྱི་ཡོང་ཁུངས་གཞན་དག་བཅས་ཡིན།
          དོན་ཚན་ཉེར་བདུན་པ། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱིས་དང་བླངས་པའི་རྩ་འཛུགས་དང་དང་བླངས་ཞབས་ཞུའི་བྱེད་སྒོར་ཞལ་འདེབས་དང་མ་དངུལ་གྱི་རོགས་སྐྱོར་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ། དང་བླངས་པའི་རྩ་འཛུགས་ཀྱིས་ཞལ་འདེབས་དང་རོགས་སྐྱོར་བྱས་པའི་རྒྱུ་ནོར་དང་ལེན་དང་བེད་སྤྱོད་བྱེད་སྐབས་ངེས་པར་དུ་ཞལ་འདེབས་འབུལ་མཁན་དང་རོགས་སྐྱོར་བྱེད་མཁན་གྱི་འདོད་བློར་བརྩི་འཇོག་བྱས་ཁར། སྤྱི་ཕན་གྱི་དམིགས་ཡུལ་དང་མཐུན་པ་དགོས།
          དོན་ཚན་ཉེར་བརྒྱད་པ། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ཁྲིམས་བཞིན་དང་བླངས་ཞབས་ཞུའི་ཐེབས་རྩ་བཙུགས་ཏེ་སྤྱི་ཕན་བྱ་གཞག་ལ་རྒྱབ་སྐྱོར་དང་འགན་སྲུང་བྱས་ན་འགྲིག
          དོན་ཚན་ཉེར་དགུ་པ། དང་བླངས་པའི་རྩ་འཛུགས་ཀྱིས་གྲབས་གསོག་བྱས་པའི་བྱེད་སྒོའི་གྲོན་དདུལ་དེ་དག་ངེས་པར་དུ་དང་བླངས་ཞབས་ཞུའི་བྱེད་སྒོ་དང་། དང་བླངས་པའི་མི་ལུས་ལ་གནོད་སྐྱོན་བཟོས་པའི་འགན་བཅོལ། དེ་བཞིན་འགྲིམ་འགྲུལ་དང་ཟས་སོང་གི་ཁ་གསབ་སོགས་ཀྱི་ཐད་གཏོང་དགོས། རྩ་འཛུགས་དང་མི་སྒེར་སུ་ཞིག་ཡིན་རུང་གྲབས་གསོག་བྱས་པའི་གྲོན་དངུལ་ཧམ་བཟུང་དང་། ལྐོག་བགོས། གཞན་སྤྱོད་བཅས་བྱེད་མི་ཆོག
          དོན་ཚན་སུམ་ཅུ་པ། དང་བླངས་ཞབས་ཞུའི་བྱེད་སྒོའི་གྲོན་དངུལ་གྱི་ཡོང་ཁུངས་དང་བེད་སྤྱོད་བྱས་ཚུལ་ངེས་པར་དུ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། སྲིད་གཞུང་འབྲེལ་ཡོད་སྡེ་ཚན་དང་། ཞལ་འདེབས་འབུལ་མཁན། རོགས་སྐྱོར་བྱེད་མཁན། དང་བླངས་པ་བཅས་ཀྱི་ལྟ་སྐུལ་ཡང་དང་ལེན་ཞུ་དགོས།
          དོན་ཚན་སོ་གཅིག་པ། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ་བཅས་ཀྱིས་གཞུང་ལས་པ་བསྡུ་འཇུག་དང་། མི་སྣ་གདན་ཞུ། དེ་བཞིན་སློབ་གྲྭས་སློབ་མ་བསྡུ་འཇུག་བཅས་བྱེད་སྐབས། ཆ་རྐྱེན་གཅིག་མཚུངས་འོག་ངེས་པར་དུ་དང་བླངས་ཞབས་ཞུ་ཡག་པོ་སྒྲུབ་མཁན་གྱི་དང་བླངས་པ་སྔོན་ལ་བསྡུ་འཇུག་དང་། གདན་ཞུ། བསྡུ་ལེན་བཅས་བྱེད་དགོས།
          དོན་ཚན་སོ་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲུབ་འབྲས་གཟེངས་སུ་ཐོན་པའི་དང་བླངས་པ་དང་། དང་བླངས་པའི་རྩ་འཛུགས། དེ་བཞིན་དང་བླངས་ཞབས་ཞུའི་བྱ་གཞག་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།
          དོན་ཚན་སོ་གསུམ་པ། དང་བླངས་ཞབས་ཞུའི་བྱེད་སྒོའི་ནང་། དང་བླངས་པས་དང་བླངས་ཞབས་ཞུ་སྒྲུབ་ཡུལ་ལམ་ཡང་ན་རྩ་འཛུགས་གཞན་དག་དང་འབྲེལ་ཡོད་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱོན་བཟོས་ན། དང་བླངས་པའི་རྩ་འཛུགས་ནས་ཁྲིམས་བཞིན་སྐྱིན་ཚབ་འཇལ་འགན་འཁུར་དགོས་པ་དང་། དང་བླངས་པའི་རྩ་འཛུགས་ཀྱིས་གུན་གསབ་འཇལ་རྗེས་ངེས་པར་དུ་རྐང་བཙུགས་ནས་བྱས་པའམ་ཡང་ན་ལས་འཛོལ་ཚབས་ཆེ་ཤོར་བ་མ་ཟད། བྱ་སྤྱོད་དེ་དག་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཁོངས་ནས་བརྒལ་བའི་རིགས། དང་བླངས་པས་གུན་གསབ་འཇལ་གྲོན་ཆ་ཤས་སམ་ཡང་ན་ཡོངས་རྫོགས་འཇལ་འགན་འཁུར་དགོས། དང་བླངས་ཞབས་ཞུའི་བྱེད་སྒོའི་ནང་། དང་བླངས་པའི་རྩ་འཛུགས་ཀྱི་ནོར་འཁྲུལ་གྱི་རྐྱེན་པས་དང་བླངས་པར་གནོད་སྐྱོན་བཟོས་ན། དང་བླངས་པའི་རྩ་འཛུགས་ཀྱིས་ངེས་པར་དུ་ཁྲིམས་བཞིན་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས། དང་བླངས་ཞབས་ཞུའི་བྱེད་སྒོའི་ནང་། དང་བླངས་ཞབས་ཞུ་སྒྲུབ་ཡུལ་གྱི་ནོར་འཁྲུལ་ལམ་ཡང་ན་དེ་མིན་གྱི་རྒྱུ་རྐྱེན་ལས་དང་བླངས་པར་གནོད་སྐྱོན་བཟོས་ན། དང་བླངས་པའི་རྩ་འཛུགས་ཀྱིས་ངེས་པར་དུ་དང་བླངས་པར་གཞོགས་འདེགས་བྱས་ཏེ་ཁྲིམས་བཞིན་གུན་གསབ་བམ་ཡང་ན་ཁ་གསབ་ཐོབ་ཐབས་བྱེད་དགོས།
          དོན་ཚན་སོ་བཞི་པ། དང་བླངས་པའི་རྩ་འཛུགས་སམ་ཡང་ན་དང་བླངས་པའི་མིང་དང་མཚོན་རྟགས་ལ་བརྟེན་ནས་ཁེ་འབབ་རང་བཞིན་གྱི་བྱེད་སྒོ་སྤེལ་མཁན་རྩ་འཛུགས་དང་མི་སྒེར་ལ། དང་བླངས་པའི་རྩ་འཛུགས་དང་དང་བླངས་པས་བཀག་སྡོམ་བསླབ་བྱ་དང་བཀག་འགོག་བྱེད་དབང་ཡོད་ལ། འབྲེལ་ཡོད་སྡེ་ཚན་ལ་ཐག་གཅོད་བྱ་རྒྱུའི་རེ་འདུན་ཞུ་དབང་ཡོད་པ་མ་ཟད། དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དབང་ཡོད།
དོན་ཚན་སོ་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ན། གཏན་འབེབས་དེ་བཞིན་ལག་བསྟར་བྱ་རྒྱུ།
 
འབྲེལ་ཡོད་རྩོམ་ཡིག