ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀན་སུའུ་ཡི་མི་མང་པོའི་མིང་ལ་བརྐུས་སྤྱོད་ཐེབས་ནས་གཞུང་ཞབས་པར་མིང་ཐོ་བཀོད་པ།

2015-06-05
          ཟླ ༥ པའི་ཚེས ༡༧ ཉིན། ཐན་ཧྲེའི་དགེ་ཐོན་སློབ་གྲྭ་ནས་ཡིན་པའི་ཞོད་དོས་དྲ་ལམ་གྱི་མིང་ཐོ་འགོད་སྟེགས་བརྒྱུད་ནས ༢༠༡༥ ལོའི་ཀན་སུའུ་ཞིང་ཆེན་གྱི་གཞུང་ཞབས་པའི་ཡིག་རྒྱུགས་ལ་མིང་ཐོ་འགོད་སྐབས། དྲ་བའི་ངོས་སུ"ཐོན་ཐང་འཛིན་ཨང་འདི་མིང་ཐོ་བཀོད་ཟིན་པས་བརྟག་ཞིབ་གནང་རོགས"ཞེས་པའི་ཡིག་འབྲུ་ཤར་བྱུང་།  
          "མིང་འགོད་ཨང་རིམ་ཕྱིར་བཙལ་རྗེས་ང་རང་མིང་འགོད་མ་ལག་ནང་ཞུགས་ཐུབ་པ་བྱུང་ལ་གཞི་ནས་རང་ཉིད་ཀྱི་མིང་བརྐུས་སོང་བ་ཤེས"ཞོད་དོ་ལ་ཧ་ལས་སུ་བཅུག་པ་ནི་རུས་མིང་དང་ཐོབ་ཐང་འཛིན་ཡིག་གི་ཨང་གྲངས་ལས་གཞན། མཐར་ཕྱིན་སློབ་གྲྭ ཐོ་བཀོད་ལས་ཁུངས། ཁྱིམ་ཐོ་གནས་སའི་ཡུལ་སོགས་བརྡ་འཕྲིན་ཚང་མ་མོ་རང་གི་དངོས་ཡོད་དང་མཐུན་གྱི་མེད་ཀྱང་མིང་ཐོ་བཀོད་ཟིན་པ་དེ་རེད།
          འཛིན་གྲྭ་གཅིག་ནང་མི ༢༨ ཀྱི་མིང་བརྐུས་སྤྱོད་ཀྱིས་མིང་ཐོ་བཀོད་ཡོད།
          ཞོད་དོའི་སློབ་གྲོགས་མི་ཉུང་པ་ཞིག་གིས་འཕྲོ་རིམ་འཕྲོར་ཁོ་བོ་ཅག་ཡང་མིང་ཐོ་བཀོད་ཟིན་པ་རྟོགས་ལ། འཛིན་གྲྭར་སློབ་མ ༣༥ ཡོད་པའི་ཁྲོད་མི ༢༨ ཀྱི་བརྡ་འཕྲིན་བརྐུས་ཡོད་འདུག དེ་ཁྲོད་དུ་རྒྱུགས་ལ་ཞུགས་རྩིས་ཡོད་མེད་གཉིས་ཀ་འདུས་འདུག མིང་འགོད་ཨང་རིམ་བཙལ་བ་བརྒྱུད་ཁོ་ཚོས་བརྡ་འཕྲིན་བརྐུས་སྤྱོད་བྱས་པའི་མི ༢༨ ཁྲོད་དུ་མི ༢༠ ཡིས་ལས་ཁུངས་གཅིག་སྟེ་ཧེ་རྫོང་གི་ནོར་སྲིད་ཅུས་ལ་མིང་ཐོ་བཀོད་འདུག་པ་ཤེས། 
          གནས་ཚུལ་དེ་འདྲ་བྱུང་རྗེས། ཟླ ༥ པའི་ཚེས ༢༡ ཉིན་ཀན་སུའུ་ཞིང་ཆེན་གྱི་གཞུང་ཞབས་པ་བསྡུ་ལེན་གྱི་གཞུང་ལས་ཁང་གིས《བྲེལ་མྱུར་བརྡ་སྦྱོར》ཞིག་སྤེལ་ནས། མིང་བརྐུས་སྤྱོད་བྱས་ཡོད་པའི་སློབ་མ་དག་གིས་མྱུར་དུ་གྱོད་དོན་སྙན་སེང་ཞུ་དགོས་པའི་བསམ་འཆར་བཏོན་ལ། གཞུང་ལས་ཁང་གིས་ད་དུང་ཟླ ༦ པའི་ཚེས ༡ ནས་ཚེས ༢ བར་ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་རྒྱུགས་སྤྲོད་ལྟེ་གནས་ཀྱིས་གཅིག་བསྡུས་སྒོས་གནད་དོན་འདི་ཐག་གཅོད་བྱེད་རྒྱུ་ཡིན་པས་མིང་བརྐུས་སྤྱོད་ཐེབས་པའི་སློབ་མ་དག་དུས་ཚོད་དེ་ནང་འབྲེལ་ཡོད་ཡིག་ཆ་འཁྱེར་ནས་ཡུལ་དངོས་སུ་མིང་ཐོ་འགོད་པར་ཡོང་དགོས་པར་བརྗོད།
          ཟླ ༦ པའི་ཚེས ༢ ཕན་ཆད་དུ་མི ༡༨ ཡུལ་དངོས་སུ་ཐོན་ནས་རེ་ཞུ་ངོས་འཛིན་བྱས་ལ་བསྐྱར་དུ་མིང་ཐོ་བཀོད་ཟིན།
          ལས་གནས་གཅིག་ལ་མི་མང་པོས་ཐོ་འགོད་བྱས་པའི་རྫུན་གྲངས་བཟོ་རྩིས་ཡོད་པར་དོགས།
          ཀན་སུའུ་ཞིང་ཆེན་གཞུང་ཞབས་ཅུས་བསྡུ་ལེན་ལས་ཁག་གི་མགོ་གཙོ་ཞེ་ལེ་ཕིན་གྱིས་ངོ་སྤྲོད་གནང་པ་ལྟར་ན་སྔོན་ཆད་ཀྱང་སློབ་མའི་བརྡ་འཕྲིན་བརྐུས་སྤྱོད་བྱས་པའི་གནས་ཚུལ་བྱུང་ཡོད་ལ་དོ་ཚིགས་མི་དྲུག་བདུན་ལྷག་གིས་གཏུག་བཤེར་བྱས་འདུག སློབ་མ་ཚོའི་དབང་ཆར་དུས་ཐོག་ཏུ་ཚད་ཆེན་པོའི་ངང་སྲུང་སྐྱོབ་བྱེད་ཆེད་ང་ཚོས་བྲེལ་མྱུར་བརྡ་སྦྱོར་བཏང་ནས་བརྡ་འཕྲིན་བརྐུས་སྤྱོད་བྱས་པའི་རྒྱུགས་ཞུགས་སློབ་མ་ཚོར་ཡུལ་དངོས་སུ་ཡོང་ནས་མིང་ཐོ་འགོད་པའི་གོ་སྐབས་ཅིག་སྤྲད་པ་ཡིན་ཞེས་བརྗོད་བྱུང་།
          གསར་འགོད་པས་ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་རྒྱུགས་སྤྲོད་ལྟེ་གནས་ནས་རྒྱུས་ལོན་བྱས་པ་ལྟར་ན་བརྡ་འཕྲིན་ལ་བརྐུས་སྤྱོད་ཐེབས་པའི་སློབ་མ་ཐན་ཧྲེ་དགེ་ཐོན་སློབ་གླིང་གི་སློབ་མ་མ་ཟད། ད་དུང་སློབ་གྲྭ་གཞན་པ་ནས་མཐར་ཕྱིན་པའི་སློབ་མའང་ཚུད་ཡོད།
          ཞེ་ལེ་ཕིན་གྱི་ངོ་སྤྲོད་གནང་དོན། གཞུང་ཞབས་པར་རྒྱུགས་སྤྲོད་ཐོ་འགོད་ཀྱི་བརྒྱུད་རིམ་ལ་གཞིགས་ན་གསང་རྒྱ་ཧ་ཅང་དམ་པོ་ཡོད་ལ། ཐོ་འགོད་མི་སྣའི་ཁ་པར་ཨང་གྲངས་ཞིབ་བཤེར་མི་སྣས་ཀྱང་མཐོང་མི་ཐུབ། རེ་ཞུའི་གོ་རིམ་ངེས་ཅན་ཞིག་བརྒྱུད་ཚེ་ད་གཟོད་ལྟ་ཐུབ། "དེ་བས་ངོ་ཚོའི་འདི་ནས་བརྡ་འཕྲིན་ཕྱིར་ཤོར་མི་སྲིད།"
          ཀན་སུའུ་མི་ཤུགས་ཐོན་ཁུངས་རྒྱུགས་སྤྲོད་ལྟེ་གནས་ཀྱི་ཀྲུའུ་རིན་ཧྲང་ཧྭས་བརྗོད་དོན། གཞུང་ཞབས་པར་མིང་ཐོ་འགོད་སྐབས་ཐོ་འགོད་བྱེད་སའི་ལས་ཁུངས་དང་། ཐོ་འགོད་བྱེད་སའི་ལས་གནས་ཀྱི་ཐོ་བཀོད་མི་གྲངས་ཉིན་རྒྱུན་ཁྱབ་བསྒྲགས་བྱེད་བཞིན་ཡོད། རྒྱུགས་ཞུགས་སློབ་མར་སྟབས་བདེ་བཟོ་བའི་བྱེད་ཐབས་འདིས་མི་འགའ་ཤས་ལ་གཞན་གྱི་བརྡ་འཕྲིན་བརྐུས་སྤྱོད་བྱས་ནས་ལས་གནས་གཅིག་ལ་མི་མང་པོས་མིང་ཐོ་བཀོད་པའི་རྫུན་གྲངས་བཟོ་བའི་གོ་སྐབས་སྤྲད་སོང་ཞེས་བརྗོད།  
          འོན་ཀྱང་མིང་ཐོ་མ་བཀོད་པར་བརྡ་འཕྲིན་གཞན་གྱིས་བརྐུས་སོང་བས། བརྡ་འཕྲིན་ནམ་ཞིག་ལ་ཕྱིར་ཤོར་བ་དང་། ཐབས་ལམ་གང་འདྲ་བརྒྱུད་ནས་བརྐུས་པ། དེ་ལ་སུས་འགན་ཁུར་དགོས་པ་བཅས་ནི་སྤྱི་བདེ་ལས་ཁུངས་ཀྱིས་རྟོག་ཞིབ་བྱས་འབྲས་ལ་སྒུག་དགོས།
འབྲེལ་ཡོད་རྩོམ་ཡིག