ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཡུན་ནན་དུ་གཟིཌ་སྐོར་སློབ་སྦྱོང་དང་ཆོས་ཕྱོགས་ཀྱི་མཛད་སྒོ་གནང་།

2015-06-05
   འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་26ཉིན་ནས་ཟླ་6ཚེས་1ཉིན་བར་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཡུན་ནན་དུ་གཟིགས་སྐོར་སློབ་སྦྱོང་གནང་བར་ཕེབས་པ་དང་འབྲེལ་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གནང་བ་རེད།
   བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་པཎ་ཆེན་རིན་པོ་ཆེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དགའ་ལྡན་སུམ་རྩེན་གླིང་དགོན་དང་། སེམས་ཀྱི་ཉི་ཟླའི་རིག་གནས་དངོས་མང་སྟོན་ཚོགས་ལྟེ་གནས། ཡུན་ནན་ནང་བསྟན་སློབ་གླིང་གི་བོད་བརྒྱུད་ནང་བསྟན་ཡན་ལག་སློབ་གླིང་། བདེ་ཆེན་རྫོང་ཇོ་བོ་ནམ་མཁའ་བཀྲ་ཤིས་དགོན་སོགས་སུ་ཆོས་ཕྱོགས་བྱེད་སྒོ་སྤེལ་གནང་ནས་གྲྭ་དམངས་དང་དད་ལྡན་མང་ཚོགས་ལ་ཐུགས་སྨོན་དང་ཕྱག་དབང་གནང་བ་རེད།
   ཚེས་28ཉིན་གྱི་ཞོགས་པ་དགའ་ལྡན་སུམ་རྩེན་གླིང་དགོན་དུ་བསང་དུད་འཕྱུར་བ་དང་མཆོད་མེའི་འོད་རབ་ཏུ་འཚེར་ཞིང་། དགེ་འདུན་པ་400ལྷག་ཙམ་ལས་གྲུབ་པའི་གསེར་སྦྲེང་རུ་ཁག་གིས་གདུགས་དང་རྒྱལ་མཚན་མཐོན་པོར་བསྒྲེངས་ནས་སྔ་ས་ནས་བང་བསྒྲིགས་ཏེ་དགོན་པའི་གཞུང་སྒོའི་གཞོགས་གཉིས་སུ་ཕེབས་སྒུག་ཞུས་ཡོད། 2006ལོར་པཎ་ཆེན་རིན་པོ་ཆེ་ཡུན་ནན་དུ་ཐེངས་དང་པོ་ཕེབས་སྐབས་ཡུན་ནན་གྱི་བོད་བརྒྱུད་ནང་བསྟན་དགོན་པ་ཆེ་ཤོས་འདིར་ཕེབས་མྱོང་ཡོད། པཎ་ཆེན་རིན་པོ་ཆེ་སུམ་རྩེན་གླིང་དགོན་དུ་ཕེབས་འབྱོར་ཟིན་སྐབས་དུང་དང་རྒྱ་གླིང་གི་སྒྲ་གྲགས་པ་དང་གྲྭ་དམངས་ཀྱི་ཁྲོད་དུ་པཎ་ཆེན་རིན་པོ་ཆེ་འཛུམ་དམུལ་དམུལ་ངང་ཙོང་ཁ་ལྷ་ཁང་དུ་ཞབས་སོར་འཁོད་དེ་ཤཱཀྱ་མུ་ནེའི་སྐུ་འདྲའི་མདུན་དུ་ཐལ་མོ་སྙིང་ཁར་སྦྱར་ནས་ཞལ་མཇལ་ཞུས་པ་དང་མཇལ་དར་བསྒྲོན་གནང་བ་དང་། དེ་རྗེས་སླར་ཡང་སྐབས་རིམ་བྱུང་གི་པཎ་ཆེན་རིན་པོ་ཆེའི་གཙང་ཁང་དང་གྲྭ་ཚང་དུ་ཕེབས་ནས་བཞུགས་ཁྲིར་འཁོད་དེ་གྲྭ་དམངས་ལ་གསོལ་བ་སྨོན་ལམ་བཏབ་གནང་བ་རེད།
   ཡུན་ནན་ནང་བསྟན་སློབ་གླིང་བོད་བརྒྱུད་ནང་བསྟན་ཡན་ལག་སློབ་གླིང་དུ་པཎ་ཆེན་རིན་པོ་ཆེས་སློབ་ཁྲིད་ཐོག་ཁང་གི་ནང་བསྟན་ལྷ་ཁང་དུ་དགེ་སློབ་ལ་ཐུགས་སྨོན་གནང་བ་དང་མཎྜལ་ཕུལ་བ། དགེ་སློབ་ཀྱིས་ཆོས་རྩོད་པར་གཟིགས་པ་བཅས་གནང་སྟེ་སློབ་མ་ཚོར་སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ་དང་ནང་བསྟན་གྱི་ཡོན་ཚད་ཟབ་ཏུ་ཧུར་ཐག་གཏོང་དགོས་པའི་སྐུལ་མ་གནང་བ་དང་། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་མི་སྣས“རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན”གྱི་ཕུལ་བྱུང་སྲོལ་རྒྱུན་རང་རྟོགས་ངང་ལག་བསྟར་བྱས་ཏེ་བྱམས་སྙིང་རྗེའི་བསམ་པ་དེ་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞི་མཐུན་བརྟན་ལྷིང་ལ་སྐུལ་མ་གཏོང་བ། རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་བཅས་དང་མཉམ་བསྲེས་བྱས་ཐོག་ཡུན་ནན་གྱི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།
   ཇོ་བོ་ནམ་མཁའ་བཀྲ་ཤིས་དགོན་གྱི་ལྟ་ལྗོངས་སྟེགས་བུར་པཎ་ཆེན་རིན་པོ་ཆེ་དང་གྲྭ་དམངས་ཚོས་ཁ་བ་དཀར་པོར་ཞལ་གཟིགས་ནས་གསོམ་ཤུག་གི་སྐུ་བསང་བཏང་བ་དང་། དཀར་ཆུ་དང་བདུད་རྩི་གཏོར་བ། གསོལ་བ་སྨོན་ལམ་འདེབས་པ། ལྷ་རིར་མཆོད་པ་འབུལ་བ་བཅས་ཀྱི་མཛད་སྒོ་འཚོགས་པ་དང་འཛམ་གླིང་ཞི་བདེ་ཡོང་བ་དང་། རྒྱལ་སྲིད་དར་ཞིང་འབངས་རྣམས་བདེ་བ། ནང་བསྟན་དར་བ་བཅས་ཀྱི་གསོལ་བ་སྨོན་ལམ་བཏབ་གནང་བ་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མི་རིགས་ལུས་རྩལ་ལྟེ་གནས་དང་བདེ་ཆེན་རྫོང་སྨུག་འཁྲིགས་མགྲོན་བསུའི་སྟེགས་བུར་པཎ་ཆེན་རིན་པོ་ཆེ་ཁྲིར་འཁོད་ནས་ཆོས་བཏོན་པ་དང་ལོ་ཕྱུགས་དར་ལ་མི་རྣམས་དུས་བདེ་བདེ་སྐྱིད་ཡོང་བའི་སྨོན་ལམ་བསྐྱོན་ཐོག་སེར་སྐྱ་མང་ཚོགས་ཁྲི་4ལྷག་ཙམ་ལ་ཕྱག་དབང་གནང་བ་རེད། དེ་རྗེས་པཎ་ཆེན་རིན་པོ་ཆེས་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ཞལ་འདེབས་ཕུལ་བའི་དངུལ་སྒོར་110198ཡུན་ནན་གྱི་ས་ཁུལ་དབུལ་པོའི་སློབ་གསོའི་བྱ་གཞག་ལ་གནང་བ་རེད།
   ཡུན་ནན་དུ་བཞུགས་རིང་པཎ་ཆེན་རིན་པོ་ཆེ་ད་དུང་ཁུན་མིང་གྲོང་ཁྱེར་དང་ཤིས་ཧྲོང་པན་ནའི་ཏའེ་རིགས་རང་སྐྱོང་ཁུལ་དུ་ཕེབས་ནས་གཟིགས་སྐོར་སློབ་སྦྱོང་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གནང་བ་རེད། ཁུན་མིང་མི་རིགས་གྲོང་ཚོར་པཎ་ཆེན་རིན་པོ་ཆེས་ཏེ་ཨང་རིགས་དང་། ཅིང་ཕོ་རིགས། བོད་རིགས། ལི་སུའུ་རིགས། པའེ་རིགས་སོགས་ཀྱི་གྲོང་ཚོར་ཕེབས་ནས་མི་རིགས་ཁག་གི་ཡུལ་སྲོལ་གོམས་འདྲིས་མཁྱེན་རྟོགས་གནང་བ་དང་མི་རིགས་ཀྱི་འཁྲབ་སྟོན་ལ་གཟིགས་པ་དང་འབྲེལ་གྲངས་ཉུང་མི་རིགས་མང་ཚོགས་དང་བྱམས་བརྩེའི་གླེང་མོལ་ཡང་གནང་བ་རེད། ཤིས་ཧྲོང་པན་ནའི་ནང་བསྟན་དགོན་པ་དང་། ཏའེ་རིགས་གླིང་། ཚ་ཁུལ་རྩི་ཤིང་གླིང་སོགས་སུ་པཎ་ཆེན་རིན་པོ་ཆེས་ཏའེ་རིགས་ཀྱི་རིག་གནས་དང་ཚ་ཁུལ་གྱི་ཡུལ་སྲོལ་གོམས་འདྲིས་མྱོང་རོལ་གནང་བ་མ་ཟད། ས་ཆ་དེ་གའི་སྣོད་བཅུད་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་གཟིགས་སྐོར་གནང་བ་རེད། པཎ་ཆེན་རིན་པོ་ཆེ་གང་དུ་ཕེབས་ཀྱང་ཡུན་ནན་ཞིང་ཆེན་བོད་བརྒྱུད་དང་ལྷོ་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད། ཉིན་7རིང་གཟིགས་སྐོར་དང་སློབ་སྦྱོང་གནང་རིང་པཎ་ཆེན་རིན་པོ་ཆེའི་ཆོས་ཕྱོགས་མཛད་སྒོ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་འབྲེལ་ཉེ་བའི་ལོ་10རིང་གི་ཡུན་ནན་གྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་དངོས་སུ་གཟིགས་པ་རེད།
   དེ་ནི་དུས་ཡུན་ལོ་9སོང་རྗེས་པཎ་ཆེན་རིན་པོ་ཆེ་སླར་ཡང་ཡུན་ནན་དུ་འཚམས་འདྲིར་ཕེབས་ནས་ཁོང་གིས་ཡུན་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གྲུབ་འབྲས་ཧ་ཅང་ཆེན་པོ་དང་དེ་བཞིན་མི་རིགས་མཐུན་སྒྲིལ་དང་བསྟན་དོན་ལམ་ལྷོངས་ཀྱི་རྣམ་པ་ཧ་ཅང་བཟང་པོར་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་འོག་རྒྱལ་གཅེས་ཡར་ཐོན་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ“རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན”གྱི་འགན་འཁྲི་ལྕི་པོ་ལེགས་སྒྲུབ་བྱས་ཐོག་མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག