ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

"ཤར་ཕྱོགས་སྐར་ཆེན"ལས་མི ༤༣༥ ཤི་གསོན་མི་ཤེས། ཞིས་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གནང་།

2015-06-05
          ཁྲུང་ཆིན་གྱི་འགྲུལ་སྐྱེལ་གྲུ་གཟིངས་ཤིག་ཧུའུ་པེའི་མཚམས་སུ་རླུང་འཁོར་དྲག་པོ་དང་འཕྲད་པས་ཆུར་ནུབ། གནམ་གཤིས་བརྟག་དཔྱད་ཅུས་ཀྱིས་སྐབས་དེའི་རླུང་ཤུགས་རིམ་པ ༡༢ ལས་བརྒལ་འདུག་པར་བཤད།   གྲུ་གཟིངས་སུ་མི ༤༥༦ ཡོད་པ་དང་། མདང་དགོང་ཆུ་ཚོད ༡༢ ཐོག་བསྐྱབས་པའི་མི ༢༡ ལས་མི ༧ ཚེ་ལས་འདས། 
          ཤིན་ཧྭ་གསར་འགྱུར་ཁང་གིས་ཚེས ༡ ཉིན་གྱི་ཆུ་ཚོད ༢༡ དང་སྐར་མ ༣༠ ཐོག་འཕྲིན་སྤེལ་བ་ལྟར་ན།  ཁྲུང་ཆིན་གྱི་ཤར་ཕྱོགས་གྲུ་གཟིངས་ཀུང་སིའི་འགྲུལ་སྐྱེལ་གྲུ་གཟིངས"ཤར་ཕྱོགས་སྐར་ཆེན"རྟགས་ཅན་ནན་ཅིང་ནས་ཁྲུང་ཆིན་དུ་བསྐྱོད་སྐབས་སུ།  འབྲི་ཆུའི་འབབ་རྒྱུད་ཀྱི་ཧུའུ་པེ་ཅན་ལིའི་མཚམས་ནས་ཆུར་ནུབ་པ་རེད།  སྡོམ་རྩིས་ལྟར་ན།  དོན་རྐྱེན་བྱུང་སྐབས་གྲུ་གཟིངས་སུ་སྐུ་མགྲོན ༤༠༥ དང་།  གྲུ་ཐོག་ལས་བྱེད་མི་སྣ ༤༦ ། སྣེ་ཤན་པ ༥ བཅས་བསྡོམས་པས་མི ༤༥༦ ཡོད་འདུག ཚེས ༢ ཉིན་གྱི་ཆུ་ཚོད ༢༡ བར་མི ༢༡ བསྐྱབས་ཡོད་ཀྱང་། དེ་ལས་མི ༧ ཚེ་ལས་འདས།
          དོན་རྐྱེན་བྱུང་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ལམ་སེང་མཆན་བཀོད་མཛུབ་སྟོན་གནང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མྱུར་དུ་ལས་དོན་ཚོ་ཆུང་སྒྲིག་འཛུགས་ཀྱིས་དོན་རྐྱེན་བྱུང་སར་མངགས་སྟེ་འཚོལ་སྐྱོབ་ལ་མཛུབ་སྟོན་བྱེད་དགོས་པ་དང་། ཧུའུ་པེ་ཞིང་ཆེན་དང་ཁྲུང་ཆིན་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་སྟོབས་ཤུགས་གཅིག་བསྡུས་ཀྱིས་འཚོལ་སྐྱོབ་དང་འབྲེལ་ལས་འཇུག་ལེགས་པོ་སྐྱོང་དགོས་པ་དང་ཆབས་ཅིག    སྤྱི་བའི་བདེ་འཇགས་སྲུང་ཐབས་ལ་ཤུགས་སྣོན་དང་། མི་དམངས་ཀྱི་ཚེ་སྲོག་ལ་གེགས་ཆད་མི་ཡོང་བར་ཁག་ཐེག་བྱེད་པའི་ཐད་ལ་ངེས་ཟིན་ཟབ་མོ་བསྐྱེད་དེ་ཉམས་མྱོང་ལེན་དགོས་ཞེས་བསྟན་པ་དང་།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཚབ་གནང་སྟེ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མ་ཁེ་དང་། རྒྱལ་སྲིད་ཨུ་ཡོན་དབྱང་ཅིན། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པའི་སྣེ་ཁྲིད་དེ་དོན་རྐྱེན་བྱུང་ཡུལ་དུ་ཕེབས་ནས་འཚོལ་སྐྱོབ་དང་མྱུར་སྐྱོབ་ལས་ཀར་མཛུབ་སྟོན་གནང་། 
          གསར་འགོད་པ་དོན་རྐྱེན་བྱུང་སར་སླེབས་དུས།  སྨུག་རྡུལ་གྱི་ཁྲོད་ན་གྲུ་གཟིངས་མགོ་རྟིང་སློག་ནས་ཆུ་ཁར་གཡེང་འདུག་པ་དང་།  ངོ་སྤྲོད་ལྟར་ན་གྲུ་གཟིངས་ཆུར་ནུབ་པའི་གཏིང་ཚད་ཧ་ལམ་སྨི ༡༥ ཡོད་པ་རེད། ཧྲང་ཧའེ་ཆུ་འདོན་ཅུས་དང་། ཤར་མཚོའི་རོགས་སྐྱོབ་ཅུས་སོགས་སྐྱོབ་རོགས་མི་སྣ་བཅས་ཀྱིས་ཆུ་རྐྱལ་ཡོ་ཆས་འཁྱེར་ནས་རོགས་སྐྱོབ་ལ་བྲེལ་འདུག   
          ཚེས ༢ ཉིན་གྱི་ཉིན་གུང་།  ལོ ༦༥ ཅན་གྱི་རྒན་མོ་ཞིག་དང་ལོ ༢༡ ཅན་གྱི་གྲུ་ཐོག་ལས་མི་ཞིག་སྐྱོབ་ཐོབ་པ་བྱུང་བ་དང་། དྲག་ཆར་གྱི་འགོག་རྐྱེན་ཁྲོད་རོགས་སྐྱོབ་མི་སྣ ༤༠༠༠ ལྷག་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཚོལ་སྐྱོབ་ལ་བྲེལ་བཞིན་ཡོད་པ་རེད།
          ཤར་ཕྱོགས་སྐར་ཆེན་རྟགས་ཅན་ནི ༡༩༩༤ ལོར་བཟོས་པ་ཡིན་ཞིང་།  སྐུ་མགྲོན་ཤོང་ཚད ༥༣༤ ཅན་གྱི་འབྲི་ཆུའི་འགྲུལ་སྐྱེལ་གྲུ་གཟིངས་ཕལ་བ་ཞིག་རེད།   གྲུ་གཟིངས་འདི་སྔོན་ཆད་ཞིག་གསོ་བྱས་མྱོང་ཡང་ལོ ༣༠ ཡི་བཀོལ་སྤྱོད་ལོ་ཚད་སླེབས་མེད། ཟླ ༥ བའི་ཚེས ༢༨ ཉིན་ཤར་ཕྱོགས་སྐར་ཆེན་གྲུ་གཟིངས་ཀྱི་ས་ཚིགས་དང་པོ་ནན་ཅིང་ཡིན་ཞིང་། སྐུ་མགྲོན་མང་ཤོས་ཅང་སུའུ་དང་། ཧྲང་ཧའེ།  ཐེན་ཅིན་སོགས་ཞིང་ཆེན་དང་གྲོང་ཁྱེར་ནས་ཡོང་བའི་རྒན་རྒོན་རེད། 
          གནམ་གཤིས་ལྟ་སྐུལ་ཚད་འཇལ། གནམ་གཤིས་ལེ་ཏ་ལྟ་སྐུལ་ཚད་འཇལ་གྱི་རྒྱུ་ཆ་དང་ཡུལ་དངོས་ཀྱི་ལྟ་ཞིབ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་ལྟར་ན།  ཀྲུང་གོའི་གནམ་གཤིས་བརྟག་དཔྱད་ཅུས་ཀྱི་ཆེད་མཁས་ཚོ་ཆུང་གིས།  གྲུ་གཟིངས་ས་འདིར་སླེབས་མ་ཐག་རླུང་ཤུགས་རིམ་པ ༡༢ ཡན་གྱི་རླུང་འཁོར་དྲག་པོར་འཕྲད་ནས་དོན་རྐྱེན་འདི་བྱུང་བ་རེད་ཟེར། འབྲི་ཆུའི་འགྲུལ་སྐྱེལ་དོ་དམ་སྡེ་ཚན་ཕྱོགས་ཀྱི་གནས་ཚུལ་ལྟར་ན།  ད་ལྟ་ཤར་ཕྱོགས་སྐར་ཆེན་གྲུ་གཟིངས་ཀྱི་གྲུ་དཔོན་དང་བཅས་འབྲེལ་ཡོད་མི་སྣ་འབྲི་ཆུའི་འགྲུལ་སྐྱེལ་སྤྱི་བདེ་ལས་ཁུངས་ཀྱིས་བཀག་སྡོམ་བྱས་ཡོད་འདུག
འབྲེལ་ཡོད་རྩོམ་ཡིག