ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་གོའི་ཆེས་ནག་ཉེས་ཆེ་བའི་རུལ་སུངས་དཔོན་པོ་དབྱང་ཞུའུ་ཀྲོའུ་ལ་ཉུག་ཡོག་ནས་ཁྲིམས་ཐག་བཅད།

2015-06-11 དཔལ་མགོན།

དབྱང་ཞུའུ་ཀྲོའུ་ཡིས་སྔོན་ཆད་ཀྲའེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་དང་། ཀྲའེ་ཅང་ཞིང་ཆེན་འཛུགས་སྐྲུན་ཐང་གི་ཐང་ཀྲང་གཞོན་པའི་ལས་འགན་ཁུར་མྱོང་། ༢༠༠༣ ལོར་ཕྱི་རྒྱལ་དུ་བྲོས་པས། ཀྲུང་གོ་རྒྱལ་ཁབ་ཀྱིས་སྤྱི་བསྒྲགས་བྱས་པའི་འཇུ་བཟུང་བཀའ་རྒྱ་དམར་པོ་ཕབ་པའི་ཕྱི་ཤོར་མི་སྣ ༡༠༠ ཡོད་པ་ལས་ཨང་དང་པོར་གནས་ཡོད། ཕྱི་ཤོར་མི་སྣ་དེ་དག་ལས་མི་གྲངས ༤༠ ཨ་རིར་བྲོས་ཡོད་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་གིས་ཚེས ༩ ཉིན་བསྒྲགས་པ་ལྟར་ན། ཀྲུང་གོ་སྲིད་གཞུང་གིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་པར་བརྡ་ཁྱབ་བཏང་བའི་འཇུ་བཟུང་བཀའ་རྒྱ་དམར་པོ་ཕབ་པའི་ནག་ཉེས་ཆེས་ཆེ་བའི་རུལ་སུངས་ཉེས་ཅན་མི་སྣ་སྟེ། སྔོན་ཆད་ཝུན་ཀྲོའུ་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པའི་ལས་འགན་ཁུར་མྱོང་བའི་དབྱང་ཞུའུ་ཀྲོའུ་ལ། ཚེས ༩ ཉིན་ནེའུ་ཡའོ་ཡི་མན་ཧྭ་ཏུན་གནས་སྤོས་ཡུལ་མིའི་ཁྲིམས་ར་ནས་ཁྲིམས་ཐག་བཅད་པ་རེད།

ཨ་རིའི་སྨྱན་སྦྱོར་ཚན་ཁག་གིས་གནས་ཚུལ་ཆ་རྒྱུས་ཡོད་མཁན་ལ་བཅར་འདྲི་བྱས་པ་ལྟར་ན། ཚེས་དགུ་ཉིན་གཙོ་བོ་ཞུ་སྦྱོར་པའི་ཁྲིམས་འགལ་གྱི་གནས་སྤོས་ཡུལ་མིའི་ཐོབ་ཐང་དཔང་ཡིག་དང་ཁོ་རང་གནས་སྤོས་ཡུལ་མིའི་བཅའ་ཁྲིམས་ལ་འགལ་ཡོད་པར་ཁྲིམས་ཐག་གཅོད་རྒྱུ་རེད། ཁྲིམས་རྩོད་པ་དེས་བཤད་རྒྱུར། གལ་སྲིད་ནག་ཉེས་ངོས་ལེན་མ་བྱས་ཚེ། དེ་དག་ཚང་མ་ཁྲིམས་མཐུན་ཡིན་པ་བདེན་དཔང་བྱེད་དགོས་ལ། ཁྲིམས་མཐུན་མིན་པ་ཁས་བླངས་ཚེ། ཁོ་མོ་ཨ་རིའི་རྒྱལ་ཁོངས་ནས་ཕྱིར་ཕུད་རྒྱུ་ཡིན་པ་རེད།

༢༠༠༣ ལོའི་ཟླ ༤ བའི་ཚེས ༢༠ ཉིན། སྔོན་ཆད་ཝུན་ཀྲོའུ་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པའི་ལས་འགན་ཁུར་མྱོང་བའི་དབྱང་ཞུའུ་ཀྲོའུ་རུལ་སུངས་གྱོད་གཞི་ལ་གཡོལ་ཆེད་ཕྱི་རྒྱལ་དུ་བྲོས། ༢༠༠༤ ལོར་ཝུན་ཀྲོའུ་གྲོང་ཁྱེར་སྒྲིག་ཁྲིམས་དོ་དམ་ཨུ་ལྷན་གྱིས་བརྡ་ཁྱབ་སྤེལ་བ་ལྟར་ན། དབྱང་ཞུའུ་ཀྲོའུ་ཡིས་ལྐོག་དངུལ་དམངས་སྒོར་དུང་ཕྱུར ༢.༥༣༢ཧམ་ཟ་བྱས་ཡོད་ལ། དེ་དག་ལས་དམངས་སྒོར་ཁྲི ༤༢༠༠ ལྷག་རྗེས་འདེད་བྱས་ཏེ་ཕྱིར་བླངས་པ་དང་། དམངས་སྒོར་ཁྲི ༧༠༠༠ ལྷག་གི་རིན་གྱི་རྒྱུ་ནོར་བཀོལ་མི་ཐུབ་པ་བྱས་ཡོད་པ་རེད།

འབྲེལ་ཡོད་རྩོམ་ཡིག