ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

༢༠༡༤ལོར་ཁྱོད་ཀྱི་གླ་ཕོཊ་ཀྱིས་རྒྱལ་ཡོངས་ཆ་སྙོམས་ལས་ཁྱོད་ལ་ཞབས་འདྲེན་བྱས་ཨེ་འདུག

2015-06-16 བློ་ཕུན།
རྒྱལ་ཡོངས་ཤང་གྲོང་མཐུན་གཉེར་ཚན་པའི་ལས་མིའི་ན་ནིང་གི་ཆ་སྙོམས་གླ་ཕོགས་སྒོར ༥༦༣༣༩ ཡིན་པ་དང་། མིང་ཐོག་འཕར་ཚད ༩.༤ % ཡིན་པ་དང་ཟོག་གོང་འཕར་ཆག་གི་རྐྱེན་རྣམས་བསལ་རྗེས་དོན་དངོས་འཕར་ཚད ༧.༡%  རེད།
   ཉེ་ཆར་རྒྱལ་ཡོངས་ས་ཆ་ཁག་གིས་གཅིག་རྗེས་གཉིས་མཐུད་དུ་ལོ་རེའི་ཆ་སྙོམས་གླ་ཕོགས་ཀྱི་གཞི་གྲངས་སྨྱན་ལམ་དུ་སྤེལ་འདུག་ཅིང་ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པས་རགས་རྩིས་བྱས་པར་གཞིགས་ན། ད་སྔར་ཉུང་མཐར་རྒྱལ་ཡོངས་ཀྱི་ཞིང་ལྗོངས ༢༠ ལྷག་གིས ༢༠༡༤ ལོའི་གླ་ཕོགས་ཀྱི་གཞི་གྲངས་བཀྲམས་ཡོད་པ་དང་། གཤིབ་སྡུར་བྱས་རྗེས་པེ་ཅིང་གི་ལོ་རེའི་ཆ་སྙོམས་གླ་ཕོགས་མཐོ་ཤོས་སུ་སླེབས་འདུག

པེ་ཅིང་གི་གླ་ཕོགས་མཐོ་ཤོས་རེད།
   སྤྱི་ཟླ ༦ པའི་ཚེས ༡༥ ཉིན་བར་དུ་ལེའོ་ནིང་། ཧེའེ་ལུང་ཅང་། ཧུའུ་པའེ། ཡུ་གུར། བོད་ལྗོངས། ཀུའེ་ཀྲའུ། ཧྲང་ཧེའེ། ཅང་སུའུ། ཐན་ཅིན། ཧྲན་ཏུང་། ཡུན་ནན་སོགས་ཞིང་ལྗོངས ༡༡ གི་གླ་ཕོགས་ཀྱི་གཞི་གྲངས་བསྒྲགས་མེད་པ་ལས་གཞན་པའི་ཞིང་ཆེན ༢༠ ལྷག་གིས་ལོ་ཧྲིལ་པོའི་ཆ་སྙོམས་གླ་ཕོགས་ཀྱི་གཞི་གྲངས་གསལ་བསྒྲགས་བྱས་ཡོད་འདུག
   གཞི་གྲངས་དེ་དག་ལས་གསལ་བར། ཞིང་ཆེན་དང་གྲོང་ཁྱེར ༢༠ པོ་དེ་དག་ལས་པེ་ཅིང་གི་ལོ་ཧྲིལ་པོའི་གླ་ཕོགས་མཐོ་ཤོས་ཡིན་པ་རེད། དེ་ཡང་པེ་ཅིན་གྲོང་ཁྱེར་སྡོམ་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཡིག་ཆ་ལས ༢༠༡༤ ལོའི་པེ་ཅིན་གྲོང་ཁྱེར་ཤང་གྲོང་སྤྱི་གཉེར་ཚན་པ་དང་ལས་ཁུངས་ཁག་གི་ལས་མིའི་ལོ་འཁོར་མོའི་གླ་ཕོགས་དམངས་སྒོར ༡༠༢༢༦༨ ཡིན་པ་དང་། ཤང་གྲོང་སྒེར་གཉེར་ཚན་པའི་ལས་མིའི་ལོ་དེའི་ཆ་སྙོམས་གླ་ཕོགས་དམངས་སྒོར ༥༢༩༠༢ རེད་ཅེས་འཁོད་འདུག
   དེ་དག་ལས་པེ་ཅིན་གྲོང་ཁྱེར་ཤང་གྲོང་སྤྱི་གཉེར་ཚན་པའི་ལས་མིའི་ལོ་འཁོར་མོའི་ཆ་སྙོམས་གླ་ཕོགས་རྒྱལ་ཡོངས་ཁྱོན་ལས་སྒོར་ཁྲི ༡༠ ལས་བརྒལ་ཡོད་པ་གཅིག་པུ་དེ་རེད། དེ་ནི་རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད་གཞི་ལས་ཆེས་ཞན་པའི་ས་ཆ་སྟེ་ཧཱ་ནན་ཞིང་ཆེན(༤༢༡༧༩)གྱི་ལྡབ ༢.༤ ཡིན་འདུག 
 
ཞིང་ལྗོངས་ཕལ་ཆེ་བ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད་གཞི་ལས་དམའ་བ་ཡོད་པ།
   རྒྱལ་ཁབ་སྡོམ་རྩིས་ཅུས་ནས ༢༠༡༤ ལོར་བསྒྲགས་པའི་གནད་ཆེའི་གཞི་གྲངས་ཁག་ལས་གསལ་བར་གཞིགས་ན། རྒྱལ་ཡོངས་ཤང་གྲོང་སྤྱི་གཉེར་ཚན་པའི་ལས་མིའི་ལོ་དེའི་ཆ་སྙོམས་གླ་ཕོགས་སྒོར ༥༦༣༣༩ ཡིན་པ་དང་། མིང་ཐོག་འཕར་ཚད ༩.༤ % ཡིན་པ་དང་ཟོག་གོང་འཕར་ཆག་གི་རྐྱེན་རྣམས་བསལ་རྗེས་དོན་དངོས་འཕར་ཚད ༧.༡% ཡིན་པ་རེད། རྒྱལ་ཡོངས་ཤང་གྲོང་སྒེར་གཉེར་ཚན་པའི་ལས་ཞུགས་མི་སྣའི་ལོ་རེའི་ཆ་སྙོམས་གླ་ཕོགས་སྒོར ༣༦༣༩༠ ཡིན་ཞིང་མིང་ཐོག་འཕར་ཚད ༡༡.༣%  ཡིན་པ་དང་ཟོག་གོང་འཕར་ཆག་གི་རྐྱེན་རྣམས་བསལ་རྗེས་དོན་དངོས་འཕར་ཚད ༩.༠% ཡིན་པ་རེད། 
   ཞིང་ལྗོངས ༢༠ པོ་འདི་དག་གི་ཆ་སྙོམས་གླ་ཕོགས་ལ་དཀྱུས་གཅིག་ཏུ་གཤིབ་སྡུར་བྱས་རྗེས། ས་ཆ་ཕལ་ཆེ་བ་རྒྱལ་ཡོངས་ཆ་སྙོམས་གྲངས་གཞི་ལས་བརྒལ་ཐུབ་མེད། དེ་དག་ཁྲོད་ཀྱི་ཤང་གྲོང་མཐུན་གཉེར་ཚན་པ་ལས་རྒྱལ་ཡོངས་ཆ་སྙོམས་ཀྱི་གླ་ཕོགས་ཚད་གཞི་སྒོར ༥༦༣༣༩ དང་བསྡུར་རྗེས། པེ་ཅིན། ཀྲེ་ཅང་། ཀོང་ཏུང་། མཚོ་སྔོན་བཅས་ཞིང་ཆེན ༤ པོ་འདི་དག་གི་ཆ་སྙོམས་གླ་ཕོགས་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ལས་བརྒལ་འདུག 
   ཤང་གྲོང་སྒེར་གཉེར་ཚན་པའི་ཁྲོད་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་གླ་ཕོགས་ཆུ་ཚད་སྒོར ༣༦༣༩༠ ལས་བརྒལ་བའི་གྲོང་ཁྱེར་ནི་པེ་ཅིན་དང། ཀོང་ཏུང་། གྲུང་ཆིང་། ཀྲེ་ཅང་བཅས་ཡིན་པ་རེད།

 
ཁྱེད་ཀྱི་གླ་ཕོགས་རྒྱལ་ཡོངས་ཀྱི“ཞབས་འདྲེན་པ” ཨེ་རེད། 
   ལོ་ལྟར་རྒྱལ་ཡོངས་ས་ཆ་ཁག་གི་ཆ་སྙོམས་གླ་ཕོགས་ཀྱི་གཞི་གྲངས་གསལ་བསྒྲགས་བྱེད་པ་དང་དུས་མཚུངས་མི་མང་པོར་རང་ཉིད་ཀྱི་ལོ་རེའི་གླ་ཆ་ཤིན་ཏུ་ཉུང་ངུ་ཡིན་པའི་སྣང་བ་སྟེར་ཞིང“དབུགས་རིང་འབྱིན” ཞོར“རང་གི་མཁོས་ཞན་པའི་གླ་ཕོགས་ཀྱིས་རྒྱལ་ཡོངས་ཀྱི་རྐང་པ་འཐེན་འདུག ”ཅེས་ཁ་མཚར་བྱེད།
   སྐྱེ་བོ་ཕལ་ཆེ་བའི་ངོས་ནས་རང་ཉིད་ཀྱི་གླ་ཕོགས་མི་གཞན་ལ“བགོས”པའི་ཚོར་བ་དོགས་མི་བདེ་ཞིག་སྟེར་གྱིན་ཡོད་པ་དང་གནད་དོན་དེའི་ཐད་རྒྱལ་ཁབ་སྡོམ་རྩིས་ཅུས་མི་འབོར་དང་ལས་འཚོལ་སྡོམ་རྩིས་སྡེ་ཁག་གི་འགན་འཛིན་ཧྥེང་ནའེ་ལིན་ནས་འགྲེལ་བརྗོད་གནང་དོན། གླ་ཕོགས་བགོ་འགྲེམ་གྱི་ཆོས་ཉིད་ནི་ཕྱོགས་ལྷུང་གི་རྩ་དོན་སུ་སོང་བ་སྟེ།  མི་ཉུང་ངུའི་ལག་ཏུ་མ་དངུལ་ཕོན་ཆེན་བཟུང་ཡོད་པ་དང་མི་ཕལ་མོ་ཆེ་ནི་དེ་ལས་ལྡོག་པའོ། ཅེས་དང་མི་སྒེར་གྱི་ངོས་ནས་བཤད་ན་གླ་ཕོགས་མང་ཉུང་གི་རྒྱུ་རྐྱེན་གཙོ་བོ་ནི་དེ་ཉིད་ལས་ཞུགས་བྱེད་སའི་ལས་ཁུངས་ཀྱི་ལས་རིགས་དང་ས་གནས། ངོ་བོ། དེ་བཞིན་རང་ཉིད་ཀྱི་ལས་གནས་སོགས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད།
པེ་ཅིན་དགེ་འོས་སློབ་ཆེན་ཡོང་འབབ་བགོ་འགྲེམ་བཅོས་སྒྱུར་ཞིབ་འཇུག་གླིང་གི་གླིང་གཙོ་ལིའི་ཧྲེ་ནས་གསར་འགོད་པར་འགྲེལ་བརྗོད་གནང་རྒྱུར། ཡོང་འབབ་མཐོ་དམན་མཐའ་གཉིས་སུ་ལྷུང་བའི་གནས་བབ་འོག་ཆ་སྙོམས་གླ་ཕོགས་ཀྱིས་དོན་དངོས་ཀྱི་བར་ཁྱད་གསལ་བཤད་དེ་ཙམ་བྱེད་མི་ནུས་ཤིང་དེ་བས་གཞི་གྲངས་ཀྱི་དཀྱིལ་ཙམ་ནས་དོན་ངོ་མའི་གནད་དོན་མང་ཙམ་གསལ་བཤད་བྱེད་ནུས་ཏེ་དྲ་ཐོག་ཏུ་མང་མང་གིས་རང་གི་གླ་ཕོགས་ཀྱིས་དམངས་ཀྱི“རྐང་པ་འཐེན”འདུག་ཅེས་སྡུག་སྨྲེ་འདོན་པ་ནི་གླ་ཕོགས་བར་ཁྱད་ཤུགས་ཆེན་ཤོར་བའི་གནད་དོན་གཞན་ཡང་གསལ་བཤད་བྱས་འདུག་ཅེས་གསུངས།
   “འདིས་ཀྱང་ཡོང་འབབ་བགོ་འགྲེམ་གྱི་ལམ་ལུགས་དང་སྲིད་ཇུས་ཁག་ལ་མུ་མཐུད་བཅོས་སྒྱུར་གཏིང་ཟབ་གཏོང་དགོས་པའི་གནད་དོན་གསལ་བཤད་བྱས་འདུག་སྟེ། མཐའ་གཉིས་སུ་ལྷུང་པའི་གླ་ཕོགས་ཀྱི་བར་ཁྱད་སེལ་ཏེ་ཆ་སྙོམས་གྲངས་ཀྱིས་དོན་དངོས་ཀྱི་གཞི་གྲངས་བག་ལ་ཞ་བ་སྔོན་འགོག་བྱེད་དགོས”ཞེས་དང་། ལིའི་ཧྲེ་ནས་གྲོས་འདེབས་རྒྱུར། དཔལ་འབྱོར་འཕེལ་རྒྱས་ཐད་ནུས་ཤུགས་བཏོན་ཏེ་ལས་ཞུགས་པ་དང་གླ་ཕོགས་ཀྱི་གྲངས་འབོར་ཇེ་མང་དུ་གཏོང་བ་ཁག་ཐེག་ཐུབ་པའི་དུས་མཚུངས་སུ་གླ་ཕོགས་བགོ་འགྲེམ་གྱི་ལམ་ལུགས་དང་སྲིད་ཇུས་ཁག་འཐུས་ཚང་དུ་བཏང་སྟེ། གླ་ཕོགས་རྒྱུན་གཏན་ངང་འཕར་གསོག་ཐུབ་པའི་སྒྲིག་གཞི་བཙུགས་ནས“ཉུང་ཁ་སྣོན་སྤོར་དང་། འབྲིང་ཁ་རྒྱ་བསྐྱེད། མཐོ་ཁ་འཇུན་སྡོམ”གྱིས་ཁྱོན་ཡོངས་གྱི་ཡོང་འབབ་འཕར་སྣོན་ཡོང་བར་ནུས་པ་བསྐྱེད་དགོས་ཞེས་ཀྱང་གསུངས་སོ།། (རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག