ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡི་ཆ་འཕྲིན་ལས་གསལ་བར། སྤྱི་ལོ ༢༠༡༥ ལོའི་སྐབས་བཅུ་པའི"ཀྲུང་གོའི་ཕྱོགས་ཡོངས་འབྱོར་འབྲིང་སྤྱི་ཚོགས་ཀྱི་གླེང་སྟེགས"ཐོག་ལྷ་ས་གྲོང་ཁྱེར་ལ"༢༠༡༥ལོའི་ཀྲུང་གོའི་ཕྱོགས་ཡོངས་འབྱོར་འབྲིང་གི་དམིགས་བསལ་ལེགས་སྐྱེས་ཕུལ་བའི་གྲོང་ཁྱེར"ཞེས་པའི་མཚན་སྙན་ཐོབ་པ་དང་། མཚན་སྙན་ཐོབ་པའི་གྲོང་ཁྱེར་གྲས་སུ་ཁྲིན་ཏུའུ་དང་། ཧང་ཀྲུའུ། ཧྲེན་ཀྲན་བཅས་ཚུད་ཡོད་པ་རེད།
ལྷ་ས་གྲོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་ལ་ཐེངས་འདིའི་གཟིགས་བཟོས་ཐོབ་པའི་རྒྱུ་རྐྱེན་ནི་གྲོང་ཁྱེར་དེ་པའི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོའི་ཡར་རྒྱས། སྤྱི་ཚོགས་འཆམ་མཐུན་སོགས་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། ཉེ་བའི་ལོ་འདི་དག་ཏུ་ལྷ་ས་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་གིས་གྲོང་མིའི་བདེ་སྐྱིད་ཀྱི་སྣང་བ་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་བཟུང་ནས་སྔ་ཕྱི་བར་གསུམ་དུ་མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་ལོངས་སྤྱོད་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོང་བྱས། དུས་མཚུངས"ཏང་འཛུགས་ཀྱིས་གྲོང་ཁྱེར་ལ་སྟངས་འཛིན་བྱེད། ཁོར་ཡུག་གིས་གྲོང་ཁྱེར་བསྐྲུན། རིག་གནས་ཀྱིས་གྲོང་ཁྱེར་དར་བར་བྱེད། ཐོན་ལས་ཀྱིས་གྲོང་ཁྱེར་སྟོབས་ཆེར་བཏང་། དམངས་འཚོས་གྲོང་ཁྱེར་ཞི་མཐུན་དུ་བཟོས། ཁྲིམས་བཞིན་གྲོང་ཁྱེར་བསྐྱངས།"ཞེས་པའི་འཐབ་ཇུས་དྲུག་པོ་ལག་ལེན་གཏིང་ཟབ་བྱས་ཏེ། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་སུ་འགྲོ་བ་དང་། སྤྱི་ཚོགས་དུས་བདེ་ལྷིང་འཇགས་ཡིན་པ།
དམངས་འཚོ་རྒྱུན་རིང་ཇེ་ལེགས་སུ་གྱུར་བ། རིག་གནས་དར་རྒྱས་གོང་འཕེལ་དུ་འགྲོ་བ། སྐྱེ་ཁམས་སྲུང་སྐྱོང་ཇེ་ཡག་ཏུ་འགྲོ་བར་སྐུལ་ཏེ"ལྷ་སའི་མྱུར་ཚད"དང"ལྷ་སའི་ངོ་མཚར"།"ལྷ་སའི་སྣང་ཚུལ"གསར་དུ་གཏོད་ཅིང་ལྷག་པར་དུ་མི་དམངས་ཀྱི་བདེ་སྐྱིད་ཀྱི་ཚོར་སྣང་སྔར་བས་ལྡབ་འགྱུར་གྱིས་མཐོར་འདེགས་བྱུང་ཞིང་དེས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་རྨང་གཞི་བསྐྲུན་ཡོད་པ་རེད།
"ཀྲུང་གོའི་ཕྱོགས་ཡོངས་འབྱོར་འབྲིང་སྤྱི་ཚོགས་ཀྱི་གླེང་སྟེགས"ནི་རང་རྒྱལ་གྱི"ཕྱོགས་ཡོངས་འབྱོར་འབྲིང"སྤྱི་ཚོགས་ཀྱི་བརྗོད་གཞི་གཙོ་གནད་དུ་བཟུང་བའི་རྒྱལ་ཁབ་རིམ་པའི་གླེང་སྟེགས་ཆེ་གྲས་ཤིག་ཡིན་ཞིང་། ༢༠༠༥ ལོར་སྤེལ་འགོ་ཚུགས་པ་ནས་སྔ་ཕྱི་བར་གསུམ་དུ"དམངས་འཚོར་དོ་ཁུར། འཕེལ་རྒྱས་ལ་སྐུལ་འདེད"བྱ་རྒྱུ་གང་དེའི་འགན་འཁྲི་ཉག་ཅིག་ཏུ་བཟུང་སྟེ། ཧུར་བརྩོན་ཆེན་པོས་སྲིད་གཞུང་དང་ཤེས་ཡོན་སྡེ་ཁག དེ་བཞིན་དོན་འཁྱོལ་བྱེད་མཁན་ཕྱོགས་གསུམ་པོས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་བློ་གདེང་ཡོད་པ། འཕེལ་རྒྱས་རྣམ་པ་འཚོལ་སྙེག་བྱེད་ནུས་པ། ས་ཁུལ་གྱི་སྣང་བརྙན་འཛུགས་སྐྱོང་བྱེད་པ་བཅས་ཕྱོགས་གསུམ་པོའི་ཉམས་མྱོང་སྤེལ་རེས་དང་འཇོན་ནུས་འདོན་སྤེལ་བྱེད་པར་གླེང་སྟེགས་ཤིག་བསྐྲུན་ཡོད། ད་བར་སྐབས་བཅུ་ཚོགས་ཟིན་པ་དང་། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་བཟོས།
ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གོའི་ཕྱོགས་ཡོངས་འབྱོར་འབྲིང་གླེང་སྟེགས་ཀྱི་གཙོ་སྒྲུབ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བ་དང་། ཀྲུང་གོའི་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་ཀྱིས་རམ་སྐྱོར་བྱས། "ལོ་ལྔ་ཚན་བཅུ་གསུམ"གྱི་འཆར་འགོད་དང་། "ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས"འཛུགས་སྐྲུན་གཉིས་བརྗོད་གཞིར་བཟུང་སྟེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། ཆབ་སྲིད་སྡེ་ཁག་གི་དབུ་ཁྲིད་གལ་ཆེན་རྣམས་དང་། ཆེད་མཁས་དང་ཤེས་ཡོན་པ། རང་སའི་དོན་འཁྱོལ་པ། ཁེ་ལས་ཀྱི་འགོ་ཁྲིད་མི་སྣ། འཐབ་ཇུས་བློ་འདྲིའི་མི་སྣ། སྨྱན་སྦྱོར་འཇོན་ནུས་ཅན་རྣམས་ལྷན་དུ་ཚོགས་ཏེ་རང་གི་བཞེད་དགོངས་དང་ལག་ལེན་གྱི་ཉམས་མྱོང་ཡིད་དབང་འཕྲོག་པ་དག་ལྷུགས་བརྗོད་བྱས་པ་རེད། ཕྱོགས་ཡོངས་ནས་འབྱོར་འབྲིང་འཛུགས་སྐྱོང་བྱེད་པའི་ལག་ལེན་ཁྲོད་ཀྱི་འགག་རྩ་དང་གནད་དོན་ཁག་ལ་བགྲོ་གླེང་བྱས་པ་དང་། "ལོ་ལྔ་ཚན་བཅུ་གསུམ"གྱི་འཆར་འགོད་ལ་གྲོས་འདེབས་བྱས་ཏེ་རང་རྒྱལ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕུགས་འདུན་མགྱོགས་ནས་མྱུར་དུ་མངོན་འགྱུར་ཡོང་བར་ནུས་ཤུགས་བསྐྱེད་པ་རེད།