བོད་ལྗོངས་ཀྱི་དཔལ་འབྱོར་མུ་མཐུད་དུ་བདེ་ཐང་ངང་འཕེལ་རྒྱས་སུ་སོང་བ་དང་བསྟུན། དཔལ་འབྱོར་མུ་མཐུད་འཕེལ་རྒྱས་ཀྱི་སྟོབས་ཆེའི་སྐུལ་སྤེལ་འོག ཉེ་བའི་ལོ་འགའི་རིང་དངོས་ཟོག་སྡེབ་སྐྱེལ་གྱི་ནུས་པ་མུ་མཐུད་འཕེལ་རྒྱས་བྱུང་ཞིང་། ལྕགས་ལམ་གྱིས་དངོས་ཟོག་སྐྱེལ་འདྲེན་བྱེད་པ་དེ་དངོས་ཟོག་སྡེབ་སྐྱེལ་ནུས་པ་མུ་མཐུད་འཕེལ་རྒྱས་འགྲོ་བའི་ནུས་པ་ལྡན་པའི་རྒྱབ་རྟེན་དུ་གྱུར་ཡོད། མཚོ་བོད་ལྕགས་ལམ་གྱི་ལྷ་ས་ནས་ན་གོར་མོའི་ལམ་མཚམས་ལ་ནུས་ཤུགས་རྒྱ་བསྐྱེད་ནས་བསྒྱུར་བཀོད་བཏང་བ་དང་། ལྷ་ས་དང་གཞིས་ཀ་རྩེའི་ལྕགས་ལམ་དངོས་སུ་འཁོར་སྐྱོད་བྱས་པ། ལྷ་ས་ནས་ཉིང་ཁྲིའི་ལྕགས་ལམ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་བཅས་ཀྱིས་བོད་ལྗོངས་ལྕགས་ལམ་གྱི་དྲ་བ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་། ཉེ་ཉིན་གསར་འགོད་པས་མཚོ་བོད་ལྕགས་ལམ་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། ལྕགས་ལམ་སྐྱེལ་འདྲེན་ལ་བརྟེན་ནས། བོད་ལྗོངས་ཀྱིས་དངོས་ཟོག་ཕྱིར་སྐྱེལ་བ་དང་ཡང་ན་བོད་ལྗོངས་སུ་དངོས་ཟོག་ནང་འདྲེན་བྱས་པ་གང་ཡིན་ཡང་། དངོས་ཟོག་གི་ཚད་ལོ་བསྟུད་མར་འཕར་གྱིན་འདུག དེ་འདྲ་ཡིན་པར་མ་ཟད། ལྕགས་ལམ་འཛུགས་སྐྲུན་གྱིས་ད་དུང་ཉེ་འཁོར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ལྡན་སྐུལ་སློང་བྱས་ཡོད།
ནུས་ཤུགས་རྒྱ་བསྐྱེད་ནས་མཚོ་བོད་ལྕགས་ལམ་ལ་བསྒྱུར་བཀོད་བཏང་བ།
ལྷ་སའི་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་ཇེ་མང་དུ་གཏོང་སྲིད།
ད་ལྟ། ལྷ་སའི་ནུབ་ཕྱོགས་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་ནི་མཚོ་བོད་ལྕགས་ལམ་ཀྱི་གལ་ཆེ་བའི་དངོས་ཟོག་སྐྱེལ་འདྲེན་གྱི་ལྟེ་བར་གྱུར་ཡོད། ཡིན་ཡང་། དངོས་ཟོག་སྐྱེལ་འདྲེན་ཚད་ལོ་བསྟུད་མར་འཕར་སྣོན་བྱུང་བ་དང་བསྟུན། ལྷ་སའི་ནུབ་ཕྱོགས་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་ཀྱི་ད་ཡོད་དངོས་ཟོག་སྐྱེལ་འདྲེན་ཆ་རྐྱེན་གྱིས་དངོས་ཟོག་བརྒྱུད་སྐྱེལ་གྱི་འདོད་བློ་སྐོང་མི་ཐུབ། དེ་ཡང་མཚོ་བོད་ལྕགས་ལམ་གྱི་ལྷ་ས་ནས་ན་གོར་མོའི་ལམ་མཚམས་ལ་ནུས་ཤུགས་རྒྱ་བསྐྱེད་ནས་བསྒྱུར་བཀོད་བཏང་བ་ཡིས། ལྷ་སའི་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་ལ་ངོ་བོ་འགྱུར་བའི་བསྐྱར་གསོན་གྱི་གོ་སྐབས་བསྩལ།
ལྷ་སའི་ནུབ་ཕྱོགས་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་ཀྱི་སའི་རྒྱ་ཁྱོན་ལ་ད་ལྟ་མུའུ ༡༠༠༠ ལྷག་མཆིས་ཤིང་། བོད་ལྗོངས་ཀྱི་ཆེས་ཆེ་བའི་དངོས་ཟོག་བསྡུ་འགྲེམ་ལྟེ་གནས་ཡིན། ལྷ་སའི་ནུབ་ཕྱོགས་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་འཛུགས་སྐྲུན་བྱས་པ་ཡིས་བོད་ཀྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་པའི་མ་གནས་ཇེ་དམའ་རུ་གཏོང་བར་དགེ་མཚན་ལྡན་པའི་སྐུལ་སློང་གི་ནུས་པ་ཐོན་ཡོད། སྐུལ་སློང་གི་ནུས་པ་འདི་ངེས་པ་དོན་གྱི་དངོས་ཟོག་འཕར་སྣོན་ཚད་ལས་མངོན་ཐུབ་སྟེ། "ནུབ་ཕྱོགས་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་འཁོར་སྐྱོད་བྱས་པ་ནས་བཟུང་། ཆེས་ཐོག་མའི་ལོ་རེའི་སྐྱེལ་འདྲེན་ཚད་ཏུན་ཁྲི ༢ ལྷག་ནས་ད་ལྟའི་ཏུན་ཁྲི ༤༡ ལྷག་ལ་འཕར་ཡོད་ཅིང་། འཕར་སྣོན་ཚད་འདིས་གནད་དོན་གསལ་བཤད་བྱེད་ཐུབ"ཅེས་ལྷ་སའི་ནུབ་ཕྱོགས་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་དེ་ལྟར་བཤད།
"ནུས་ཤུགས་རྒྱ་བསྐྱེད་ནས་བསྒྱུར་བཀོད་བཏང་རྗེས་ལྷ་སའི་ནུབ་ཕྱོགས་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་ཀྱིས་ཟིན་པའི་ས་ངོས་ཀྱི་རྒྱ་ཁྱོན་ལྡབ་གཅིག་གིས་འཕར་ཞིང་། སའི་རྒྱ་ཁྱོན་ཧྲིལ་བོ་མུའུ ༢༠༠༠ ལྷག་ལ་སླེབས་ཡོད་པ་དང་། དངོས་ཟོག་སྐྱེལ་འདྲེན་གྱི་ནུས་པ་ཡང་གོང་དུ་སྤར"ཞེས་ལྷ་ས་གྲོང་ཁྱེར་གྱི་ལྕགས་ལམ་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་དེ་ལྟར་ངོ་སྤྲོད་བྱས།
རྒྱ་ཁྱོན་ལྡབ་གཅིག་གིས་འཕར་བ་དེས་དངོས་ཟོག་སྐྱེལ་འདྲེན་ཚད་ག་འདྲ་ཞིག་མཚོན་ཐུབ་བམ་ཞེ་ན། འགན་འཁུར་མི་སྣ་འདིས་ངོ་སྤྲོད་བྱེད་རྒྱུར། ལྷ་སའི་ནུབ་ཕྱོགས་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་ནི་ནུས་ཤུགས་རྒྱ་བསྐྱེད་ནས་བསྒྱུར་བཀོད་བཏང་རྗེས། མཚོ་བོད་ལྕགས་ལམ་དང་། ལྷ་ས་དང་གཞིས་ཀ་རྩེའི་ལྕགས་ལམ། ལྷ་ས་དང་ཉིང་ཁྲིའི་ལྕགས་ལམ་བཅས་ཀྱི་དངོས་ཟོག་སྐྱེལ་འདྲེན་གྱི་ལྟེ་བར་འགྱུར་སྲིད། "དངོས་ཟོག་སྐྱེལ་འདྲེན་གྱི་ལྟེ་བར་གྱུར་བ་ཡིས་བོད་ལྗོངས་ནས་ཕྱིར་སྐྱེལ་བ་དང་ཡང་ན་ཕྱི་ཕྱོགས་ནས་ནང་འདྲེན་བྱས་པ་གང་རུང་གི་དངོས་ཟོག་ངེས་པར་དུ་ནུབ་ཕྱོགས་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་ནས་བརྒྱུད་སྐྱེལ་བྱེད་དགོས་པ་མཚོན་ཞིང་། དངོས་ཟོག་སྐྱེལ་འདྲེན་ས་ཚིགས་ཀྱིས་ཟིན་པའི་ས་ངོས་ཀྱི་རྒྱ་ཁྱོན་ཇི་ལྟར་ཆེ་ན་དངོས་ཟོག་སྐྱེལ་འདྲེན་གྱི་ནུས་པ་དེ་ལྟར་ཆེ་བ་མཚོན་ཐུབ"ཅེས་འགན་འཁུར་མི་སྣ་འདིས་དེ་ལྟར་བཤད།
དེ་ལས་གཞན། གསར་འགོད་པས་ཐེངས་འདིའི་ནུས་ཤུགས་རྒྱ་བསྐྱེད་ནས་བསྒྱུར་བཀོད་གཏོང་བའི་གོ་རིམ་ཁྲོད། ལྷ་ས་ནས་ན་གོར་མོའི་ལམ་མཚམས་ཀྱི་དངོས་ཟོག་སྐྱེལ་འདྲེན་ས་ཚིགས ༡༣ འཁོར་སྤྱོད་བྱ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བ་སྟེ། དེའི་ཁྲོད་ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ། ལྷ་སའི་ནུབ་ཕྱོགས་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་ལ་བསྐྱོད་མཁན་ཕུད། སྟོད་ལུང་བདེ་ཆེན་གྱི་ད་ཡོད་ཀྱི་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་འཁོར་སྐྱོད་བྱ་རྒྱུ་ཡིན་ལ། འདམ་གཞུང་གི་ད་ཡོད་ཀྱི་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་གཉིས་ཀྱང་འཁོར་སྐྱོད་བྱ་རྒྱུ་རེད། "ནུས་ཤུགས་རྒྱ་བསྐྱེད་ནས་བསྒྱུར་བཀོད་བཏང་བ་ཡིས་ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་ཁྲོད་ཀྱི་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་ཀྱི་གྲངས་ཚད་གོམ་གང་མདུན་སྤོས་ཀྱི་ཁ་སྣོན་བྱས་ཤིང་། ཉེ་འཁོར་གྱི་དངོས་ཟོག་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་སྐྱེལ་འདྲེན་བྱེད་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད"ཅེས་འགན་འཁུར་མི་སྣ་འདིས་དེ་ལྟར་བཤད།
གློག་ཤུགས་ཅན་དུ་བསྒྱུར་རྗེས།
ལྷ་ས་ལ་བསྐྱོད་པར། ད་ནས་བཟུང་འདྲུད་ཤུགས་བརྗེ་མི་དགོས།
༢༠༡༤ ལོའི་ཟླ ༨ པའི་ཚེས ༡༦ ཉིན་གྱི་ཞོགས་པའི་ཆུ་ཚོད ༩ སྟེང་། ལྷ་ས་ནས་གཞིས་ཀ་རྩེའི་ལྕགས་ལམ་གྱི་ཐོག་མའི་འགྲུལ་སྐྱེལ་མེ་འཁོར k9821 ལྷ་སའི་མེ་འཁོར་འབབ་ཚིགས་ནས་བསྐྱོད་ཚེ། ཆུ་ཚོད་གསུམ་ནང་གཞིས་ཀ་རྩེ་རུ་སླེབས། འདིས་མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ཐོག་མ་སྟེ་ལྷ་ས་ནས་གཞིས་ཀ་རྩེའི་ལྕགས་ལམ་གྱི་མེ་འཁོར་དངོས་སུ་ཤར་གཏོང་འཁོར་སྐྱོད་བྱས་པ་མཚོན། ལྷ་ས་ནས་གཞིས་ཀ་རྩེའི་ལྕགས་ལམ་ནི་མཚོ་བོད་ལྕགས་ལམ་སྣུར་སྲིང་བྱས་པ་ཡིན་ལ། ལམ་ཐིག་ཡོངས་ནི་ལམ་རྒྱུད་གཅིག་ཡིན་ཞིང་། གློག་ཤུགས་ཅན་གྱི་ཆ་རྐྱེན་སོར་འཇོག་བྱས་ཡོད་དེ། ལོ་རེའི་དངོས་ཟོག་སྐྱེལ་འདྲེན་ཚད་ཏུན་ཁྲི ༨༣༠ ཡན་ལ་སླེབས་འདུག
"གཞིས་རྩེ་ས་ཁུལ་དུ་ཕུན་སུམ་ཚོགས་པའི་གཏེར་ཁའི་ཐོན་ཁུངས་མཆིས་ཤིང་། ལྷ་ས་ནས་གཞིས་ཀ་རྩེའི་ལྕགས་ལམ་བརྒྱུད་ཚེ་སྐྱེལ་འདྲེན་སྟབས་བདེ་ཡིན་ལ་མྱུར་ཚད་མགྱོགས་ཏེ། སྔོན་ཆད་རླངས་འཁོར་ལ་བརྟེན་ནས་སྐྱེལ་འདྲེན་བྱེད་དགོས་པའི་ལོ་རྒྱུས་ལ་བསྒྱུར་བཀོད་བཏང"ཞེས་ལྷ་ས་གྲོང་ཁྱེར་གྱི་ལྕགས་ལམ་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་དེ་ལྟར་བཤད།
ལྷ་ས་ནས་གཞིས་ཀ་རྩེའི་ལྕགས་ལམ་འཁོར་སྐྱོད་བྱེད་མགོ་བརྩམས་ཤིང་། ལྷ་ས་ནས་ཉིང་ཁྲིའི་ལྕགས་ལམ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་བསྟུན་ནས། ལྷ་ས་གྲོང་ཁྱེར་གྱི་ལྕགས་ལམ་དྲ་བ་ཉིན་རེ་བཞིན་འཐུས་ཚང་དུ་གྱུར། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་ལྕགས་ལམ་ཁང་ནས་རྒྱུས་ལོན་པ་ལྟར་ན། "བཅུ་གཉིས་ལྔའི"བར་སྐབས་སུ་ལྷ་ས་གྲོང་ཁྱེར་དུ་གསར་དུ་བསྣན་པའི་ལྕགས་ལམ་གྱི་ལམ་ཐག་སྤྱི་ལེ ༡༢༠ ལྷག་ཡིན་ལ། ལྕགས་ལམ་གྱི་འཕེལ་རྒྱས་ཀྱིས་ཉེ་འཁོར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ལྡན་སྣེ་ཁྲིད་བྱས།
"དེའི་རྗེས་ནས་སྒྲུབ་པའི་གློག་ཤུགས་ཅན་དུ་བསྒྱུར་བཀོད་བཏང་བ་ཡིས། མེ་འཁོར་གྱི་དངོས་ཟོག་སྐྱེལ་འདྲེན་ནུས་པ་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་སུ་གཏོང་སྲིད་དེ། ཐེངས་གཅིག་ནང་ཆེས་ཆེར་སྐྱེལ་འདྲེན་བྱེད་ཐུབ་པའི་དངོས་ཟོག་གི་ཚད་ནི་ད་ལྟ་མེ་འཁོར་གྱིས་སྐྱེལ་འདྲེན་བྱེད་ཚད་ཀྱི་ལྡབ ༢ ཡིན"འགན་འཁུར་མི་སྣ་འདིས་གོམ་གང་མདུན་སྤོས་ཀྱིས་ངོ་སྤྲོད་བྱེད་རྒྱུར། ད་ཡོད་ཀྱི་མཚོ་བོད་ལྕགས་ལམ་གྱི་ལྷ་ས་ནས་ན་གོར་མོའི་ལམ་མཚམས་ལ་འདྲུད་ཤུགས་ཀྱིས་མི་འདང་བས། དངོས་ཟོག་སྐྱེལ་འདྲེན་མེ་འཁོར་གྱིས་ནང་འབར་འཕྲུལ་འཁོར་སྤྱད་ནས་འདྲུད་འཐེན་བྱེད་ཀྱིན་ཡོད། མིག་སྔར་ཐེག་ནུས་པའི་འདྲུད་ཤུགས་ཏུན ༢༠༠༠ ཡིན་ལ། དང་ཐོག་ཟི་ལིང་ནས་བཏང་འོང་བའི་འདྲུད་ཤུགས་ཏུན ༤༠༠༠ ཅན་གྱི་དངོས་ཟོག་སྐྱེལ་འདྲེན་མེ་འཁོར་ན་གོར་མོར་བརྒྱུད་སྐབས། རིམ་པ་མི་གཏོར་ག་མེད་བྱུང་སྟེ། ཡང་བསྐྱར་རིམ་པ་སྒྲིག་ནས། རིམ་པ་གཉིས་སུ་བགར་ཏེ་བསྐྱོད། འགན་འཁུར་མི་སྣ་འདིས་བསྟན་དོན། བྱ་བ་འདིར་ཆ་སྙོམས་ཀྱིས་ཆུ་ཚོད ༡༠ ཡས་མས་གཏོང་དགོས་ཤིང་། སྐྱེལ་འདྲེན་དུས་ཚོད་ལ་འགོར་འགྱངས་ཆེན་པོ་བྱས་ཡོད། གློག་ཤུགས་ཅན་ལ་བསྒྱུར་བཀོད་བཏང་རྗེས། ལྷ་ས་དང་ན་གོར་མོའི་ལམ་མཚམས་ཀྱི་མེ་འཁོར་འདྲུད་ཤུགས་ཏུན ༤༠༠༠ གོང་དུ་སྤར་སྲིད། སྐབས་དེར། དངོས་ཟོག་སྐྱེལ་འདྲེན་མེ་འཁོར་ན་གོར་མོར་བརྒྱུད་སྐབས་དངོས་ཟོག་འདོན་འཇུག་བྱེད་པ་ལས། འདྲུད་ཤུགས་བརྗེ་མི་དགོས། དེ་དང་ཆབས་ཅིག གློག་ཤུགས་ཅན་གྱིས་དངོས་ཟོག་སྐྱེལ་འདྲེན་མེ་འཁོར་ལ་སྒུལ་ཤུགས་ལྡབ་འགྱུར་ཁ་སྣོན་སྲིད།
"ཕྱུག་པོར་འགྱུར་དགོས་ན། ཐོག་མར་ལམ་བདེ་དགོས"ལྷ་ས་ནས་གཞིས་ཀ་རྩེའི་ལྕགས་ལམ་གྱི་སྒོ་མོ་ཕྱེ་བ་དང་། དེ་བཞིན་དེ་རིང་གསར་དུ་སྐྲུན་པའི་ལྷ་ས་ནས་ཉིང་ཁྲིའི་ལྕགས་ལམ་ལས་གཞི་ཚང་མ་གྲོང་རྡལ་གཅིག་བརྒྱུད་དགོས་ཏེ། དེ་ནི་ཆུ་ཤུར་རྫོང་མཚོ་སྣ་ཞང་རེད། མཚོ་སྣ་ཞང་གི་ཞང་ཀྲང་གཞོན་པ་བློ་བཟང་ལ་འདིའི་ཐད་མྱོང་བསྐྱེད་མཆིས་ཏེ། "ལམ་ཐིག་བརྒྱུད་པའི་མེ་འཁོར་འབབ་ཚིགས་ཀྱི་ཇུས་འགོད་ནི་ས་དེ་གའི་མིའི་འགྲོ་འདུག་ལ་ཕན་པར་མ་ཟད། ས་དེ་གར་དངོས་ཟོག་ནང་འདྲེན་དང་ས་དེ་གའི་ཁྱད་ཐོན་དངོས་རྫས་ཕྱིར་གཏོང་བྱེད་པར་སྟབས་བདེ་བསྐྲུན་ཡོད"ཅེས་བློ་བཟང་གིས་དེ་ལྟར་བཤད། ལྕགས་ལམ་དྲ་བ་བོད་ལྗོངས་ནས་འཐུས་ཚང་དུ་གྱུར་བ་དང་བསྟུན། ལྕགས་ལམ་གྱི་དངོས་ཟོག་སྐྱེལ་འདྲེན་ལ་བདེ་འཇགས་དང་མགྱོགས་མྱུར། བག་ཕེབས། སྐྱེལ་འདྲེན་ཚད་ཆེ་བའི་ཁྱད་ཆོས་ལྡན་ཕྱིར། བོད་ལྗོངས་ཀྱི་ས་ཁུལ་མང་ཆེ་བའི་མི་དམངས་ཀྱི་འཚོ་བ་ལྕགས་ལམ་གྱི་དངོས་ཟོག་སྐྱེལ་འདྲེན་སྟབས་བདེ་ཡིན་པར་བསྟུན་ནས་འགྱུར་ལྡོག་བྱུང་བཞིན་མཆིས་སོ།།