སྤྱི་ཟླ་༡པོའི་ཚེས་༡༣ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའུ་ཡི་ཧྲུའུ་ཅི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་ཡི་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་༡༨པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་དང་། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་བཀོད་སྒྲིག་གནང་ཡོད་པ་རེད།
གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་༡༨པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་དང་། རུལ་སུངས་ལ་ཆད་པ་གཅོད་པའི་མཐོ་གནོན་གནས་བབ་རྒྱུན་འཁྱོངས་བྱས་ཡོད་པས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པའི་ངོས་འཛིན་བྱས་ཡོད།
གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཆབ་སྲིད་སྒྲིག་ལམ་བརྟན་པོ་སྲུང་བ། སྒྲིག་ཁྲིམས་དང་སྒྲིག་ལམ། སྒྲིག་སྲོལ་བཅས་ནན་པོ་སྲུང་བ། ཆབ་སྲིད་ཉེན་ཟོན་རང་བཞིན་དང་དབྱེ་འབྱེད་ནུས་པ་ཤུགས་ཆེར་གཏོང་བ། ལམ་ལུགས་སྒྲིག་གཞི་སྔར་བས་སྒྱུར་བཅོས་དང་གསར་གཏོད་བྱེད་པ། དབང་ཆ་འཚོལ་བའི་བར་ཁམས་མཐའ་གཅིག་ཏུ་མེད་པ་བཟོ་བ། རིགས་ཁག་གི་རུལ་སུངས་བྱ་སྤྱོད་ལ་ཆད་གཅོད་མཐའ་གཅིག་ཏུ་བྱེད་པ། སྒྱིད་ལུགས་ཀྱི་སྲིད་འཛིན་བྱ་ཐབས་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་པ་བཅས་བྱས་ཏེ། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། དེའང་གཅིག་ནས། སྒྱུར་བཅོས་གཏིང་ཟབ་བྱས་ནས་རྒྱུན་མཐུད་ངང་རུལ་སུངས་ཀྱི་འབྱུང་རྩར་ངོ་རྒོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས། བྱ་ཐབས་མང་པོ་བཟུང་ནས་ནོར་སྲིད་དངུལ་རྩའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པ། གསུམ་ནས། ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་པའི་རྒྱུ་ནོར་ཐོན་ཁུངས་ལ་དོ་དམ་ནན་པོ་བྱེད་དགོས་པ། བཞི་ནས། འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་འཛིན་ཧུར་ཐག་བྱེད་པ་དང་བྱས་རྗེས་འཇོག་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ནན་བཤད་བྱས་ཡོད་པ་དང་།
གྲོས་ཚོགས་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་ཡིས་སྤྱོད་གཙང་རང་གཅུན་གྱི་མིག་དཔེ་འདོན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལས་གནས་གཅིག་གི་ཐོག་འགན་འཁྲི་གཉིས་ཞེས་པ་དོན་འཁྱོལ་བྱེད་པ། ཚན་པ་ཁག་ལ་བླང་བྱ་ནན་པོ་འདོན་པ་བཅས་བྱས་ཏེ། ལས་དོན་ལ་ལྟ་སྐུལ་བྱེད་པ་མ་ཟད་དཔུང་ཁག་ལ་སྣེ་ཁྲིད་བྱེད་དགོས། ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། འགན་འཁྲི་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་གཞུང་གི་གཞུང་ཞབས་པའི་བླ་ན་མེད་པའི་ལས་རིགས་ཀུན་སྤྱོད་དང་བསམ་པའི་ཕུགས་བསམ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱོད་གཙང་ངང་གཞུང་ལ་ལེགས་སྐྱེས་འབུལ་བ་དང་། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བ། སྲིད་འཛིན་ཧུར་ཐག་བྱས་ཏེ་དམངས་ལ་ཕན་འབྲས་ཐོབ་པ་དང་སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། སྒྱུར་བཅོས་གོང་འཕེལ་ཆེད་འགུལ་ཤུགས་སྣོན་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།