ཟླ་༡༡ཚེས་༡༡ཉིན་གློག་འཕྲིན་འབྱོར་གསལ། ཚེས་༡༡ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས། ཀྲུང་གོ་ཕྱོགས་ཀྱིས་ཡུང་ཧྲུའུ་གླིང་ཕྲན་དུ་གནམ་ཐང་གསར་པ་བསྐྲུན་ནས་ཚོད་ལྟའི་འཕུར་སྐྱོད་བྱེད་པ་དེ་ནི་བདག་དབང་ཁྱབ་ཁོངས་ནང་གི་བྱ་བ་ཞིག་ཡིན། ཝེ་ཐེ་ནམ་གྱིས་ཀྲུང་གོའི་འཕུར་སྐྱོད་ཚོད་ལྟར་སྐྱོན་འཛུགས་བྱས་པ་དེར་རྒྱུ་མཚན་གང་ཡང་མེད་ཅེས་གསུངས་པ་རེད།
དེ་ཉིན་འཚོགས་པའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པས། གནས་ཚུལ་སྤེལ་བར་གཞིགས་ན། ཝེ་ཐེ་ནམ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཅུས་ཀྲང་ལའེ་ཁྲུན་ཆིང་གིས་ཀྲུང་གོ་ཕྱོགས་དང་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ལ་རྒོལ་གཏམ་གཏོང་བའི་ཡི་གེ་བརྒྱུད་སྤྲོད་བྱས་ཏེ་ཀྲུང་གོའི་གནམ་གྲུས་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱི་སྒྲིག་སྲོལ་སྣང་མེད་དུ་བཏང་ནས་འཕུར་སྐྱོད་འཆར་གཞི་མཁོ་འདོན་མ་བྱས་པའམ་ཡང་ན་ཝེ་ཐེ་ནམ་གྱི་བར་སྣང་འགྲིམ་འགྲུལ་ཚོད་འཛིན་ལྟེ་གནས་ལ་སྐུད་མེད་གློག་འཕྲིན་ཐོག་ནས་འབྲེལ་བ་མ་བྱས་པར་ཝེ་ཐེ་ནམ་རྒྱ་མཚོའི་ཝེ་ཐེ་ནམ་ཕྱོགས་ཀྱི་མངའ་ཁོངས་མཁའ་དབྱིངས་སུ་འཕུར་བ་དེ་ས་ཁུལ་གྱི་བདེ་འཇགས་ལ་འཇིགས་སྐུལ་བྱས་པ་ཞིག་ཡིན་ཞེས་བཤད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དོན་དེར་ལན་ཇི་ལྟར་རྒྱག་རྩིས་ཡོད་དམ་ཞེས་དྲིས།
ཧུང་ལེས་དང་ཐོག་བསྐྱར་བསྒྲགས་བྱ་རྒྱུ་ཞིག་ལ། ཀྲུང་གོ་ཕྱོགས་ལ་ནན་ཧྲ་གླིང་ཚོམ་དང་དེའི་ཉེ་འགྲམ་མཚོ་ཁོངས་ལ་རྩོད་ཐབས་འབྲལ་བའི་བདག་དབང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡུང་ཧྲུའུ་གླིང་ཕྲན་དུ་བསྐྲུན་པའི་གནམ་ཐང་ཐོག་ཚོད་ལྟའི་འཕུར་སྐྱོད་བྱེད་པ་དེ་བདག་དབང་ཁྱབ་ཁོངས་ནང་གི་བྱ་བ་ཞིག་ཡིན། ཀྲུང་གོའི་ཚོད་ལྟའི་འཕུར་སྐྱོད་བྱ་བ་དེས་ས་ཁུལ་གྱི་བདེ་འཇགས་ལ་ཤུགས་རྐྱེན་བཟོས་ཡོད་ཅེས་པའི་སྐྱོན་འཛུགས་དེར་རྒྱུ་མཚན་གང་ཡང་མེད་ཅེས་གསུངས་པ་རེད།
ཧུང་ལེས། བསྟན་དགོས་པ་ཞིག་ལ། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་བརྡ་ཐོ་འབྱོར་མེད་པའི་ཤོད་སྟངས་དེ་རིགས་ནི་རྦད་དེ་དོན་དངོས་དང་མི་མཐུན་པ་ཞིག་ཡིན། ༢༠༡༥ལོའི་ཟླ་༡༢ཚེས་༢༨ཉིན་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་འཕུར་སྐྱོད་ལྟ་ཞིབ་ལྟེ་གནས་ཀྱིས་འབྲེལ་ཡོད་གཏན་འབེབས་དང་རྒྱལ་སྤྱིའི་རྒྱུན་སྲོལ་གཞིར་བཟུང་། ཧུའུ་ཀྲེ་མིན་འཕུར་སྐྱོད་གསང་འཕྲིན་ཁུལ་དོ་དམ་དབང་འཛིན་ལས་ཁུངས་ལ་ཀྲུང་གོ་ཕྱོགས་ཀྱི་ལྟ་ཞིབ་གནམ་གྲུའི་འཕུར་སྐྱོད་འཆར་གཞི་དང་མཁའ་ཐོག་ལམ་ཐིག་སོགས་ཞིབ་ཕྲའི་ལག་རྩལ་ཆ་འཕྲིན་བརྡ་ཁྱབ་བཏང་མོད། འོན་ཀྱང་ད་བར་ཕར་ཕྱོགས་ཀྱིས་ཁ་ཡ་བྱས་མེད་ཅེས་གསུངས་པ་རེད།
ཁོང་གིས་གོང་གསལ་ལས་སྒོའི་ཐབས་ལམ་ཐོག་ནས་བརྡ་ཐོ་བཏང་བ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཟླ་༡༢ཚེས་༣༠ཉིན་ཆེད་མངགས་ཝེ་ཐེ་ནམ་ཕྱི་འབྲེལ་དབང་འཛིན་ལས་ཁུངས་ལ་ལག་རྩལ་རང་བཞིན་གྱི་ཐོག་ནས་བརྡ་ཐོ་བཏང་བ་དང་འབྲེལ་འགྲེལ་བཤད་རང་བཞིན་གྱི་ཐོག་ནས་གསལ་བཤད་ཀྱང་བྱས་ཡོད། འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ལྟ་ཞིབ་དང་ཚོད་ལྟའི་འཕུར་སྐྱོད་བྱ་བའི་ཆེད་ལས་རང་བཞིན་དང་། ལག་རྩལ་རང་བཞིན། དམངས་དོན་རང་བཞིན། རྒྱལ་སྤྱིའི་སྤྱི་ཕན་རང་བཞིན་བཅས་སྣང་མེད་དུ་བཏང་ནས། ཀྲུང་གོ་ཕྱོགས་ཀྱི་རྒྱུན་གཏན་བྱེད་སྒོར་མུ་མཐུད་འགོག་རྐྱེན་བཟོས་ཡོད་ཅེས་གསུངས་པ་རེད།
ཧུང་ལེས་འབྲེལ་ཡོད་ཚོད་ལྟའི་འཕུར་སྐྱོད་བྱེད་སྒོ་བདེ་འཇགས་དང་ལག་བསྟར་ནུས་ལྡན་ཐུབ་རྒྱུ་འགན་ལེན་བྱ་ཆེད། ཀྲུང་གོ་སྲིད་གཞུང་གིས་འབྲེལ་ཡོད་འཕུར་སྐྱོད་བྱེད་སྒོ་རྒྱལ་ཁབ་ཀྱི་མཁའ་འགྲུལ་བྱེད་སྒོར་སྒྱུར་བ་དང་འབྲེལ་དམངས་སྤྱོད་གནམ་གྲུར་བརྟེན་ནས་འབྲེལ་ཡོད་ལས་དོན་སྒྲུབ་རྒྱུའི་གཏན་འབེབས་བྱས་ཡོད། རྒྱལ་སྤྱིའི་བཅའ་ཁྲིམས་ལྟར། རྒྱལ་ཁབ་མཁའ་འགྲུལ་བྱེད་སྒོར《རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་སྤྱི་ཆིངས》དང་དེ་བཞིན་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱི་འབྲེལ་ཡོད་གཏན་འབེབས་ཀྱི་ཚོད་འཛིན་ཕོག་གི་མེད་ལ། བདག་དབང་རྒྱལ་ཁབ་ཀྱིས་རང་བདག་ངང་འགན་ཁུར་ལག་བསྟར་བྱེད་ཆོག་གི་ཡོད་ཅེས་གསུངས་པ་རེད།
ཧུང་ལེས་ཀྲུང་གོ་ཕྱོགས་ཀྱིས་རང་བརྟེན་དང་། བདེ་འཇགས། གྲུབ་འབྲས་ཐོབ་པའི་ངང་ཡུང་ཧྲུའུ་གླིང་ཕྲན་དུ་གནམ་ཐང་གསར་པ་བསྐྲུན་ནས་ཚོད་ལྟའི་འཕུར་སྐྱོད་བྱས་ཡོད། ཚོད་ལྟའི་འབྲས་བུའི་ཐོག་ནས། ཡུང་ཧྲུའུ་གླིང་ཕྲན་ཐོག་བསྐྲུན་པའི་གནམ་ཐང་གསར་པ་དེ་དམངས་སྤྱོད་མཁའ་འགྲུལ་གྱི་ཚད་གཞི་དང་རྦད་དེ་མཐུན་ཡོད་ལ། དམངས་སྤྱོད་མཁའ་འགྲུལ་གནམ་གྲུ་བདེ་འཇགས་ངང་འཕུར་སྐྱོད་བྱེད་པའི་ནུས་པ་ཡང་ལྡན་ཁར། མི་སྣ་འགྲོ་འོང་དང་ཛ་དྲག་རོགས་སྐྱོབ་སོགས་ལ་སྟབས་བདེ་ཡོང་རྒྱུ་དང་འབྲེལ་ལྷོ་མཚོའི་ས་ཁུལ་གྱི་མཚོ་ཐོག་འཚོལ་སྐྱོབ་སོགས་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་གསལ་བཤད་བྱུང་ཡོད་ཅེས་གསུངས་པ་རེད།