ཀྲུང་དབྱང་རྒྱང་སྒྲོག་དྲ་བའི《ནང་དགུང་གི་གསར་འགྱུར་བརྒྱུད་ལམ》དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་དྲ་བས་གནས་ཚུལ་ཁྱབ་བསྒྲགས་བྱས་དོན། ཉིན་དེར་དབྱར་རྩྭ་དགུན་འབུ་བདེ་སྲུང་ཟས་རིགས་སུ་སྤྱོད་མི་ཆོག་པའི་ཚོད་ལྟའི་ལས་རིམ་སྤེལ་དགོས་པའི་བརྡ་ཐོ་བཀྲམས་ཡོད་ཅིང་། བརྡ་ཐོ་བཀྲམས་ཡུལ་ནི་པེ་ཅིང་དང་ཅང་ཞི། ཧུའུ་པེ། ཀོང་ཏུང་། མཚོ་སྔོན་ཞིང་ཆེན(གྲོང་ཁྱེར)ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དང་། དེ་བཞིན་སྤྱི་ཁྱབ་ཅུས་ཀྱི་བདེ་སྲུང་ཟས་རིགས་ཞིབ་བཤེར་ལྟེ་གནས་བཅས་རེད་འདུག
བརྡ་ཐོའི་ནང༢༠༡༢ལོའི་ཟླ་8པར། དེ་སྔའི་རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་པར་འགྲེམས་གནང་པའི《དབྱར་རྩྭ་དགུན་འབུ་བདེ་སྲུང་ཟས་རིགས་སུ་སྤྱོད་པའི་ཚོད་ལྟའི་ལས་དོན་ཇུས་གཞི》དེ་བརྡ་ཐོ་བཀྲམས་ཉིན་ནས་བཟུང་ལག་བསྟར་མཚམས་འཇོག་དགོས་སྐོར་གསལ་པོར་བསྟན་ཡོད་པ་རེད།
དོན་དངོས་སུ་ཉེ་བའི་ལོ་ཤས་རིང་དབྱར་རྩྭ་དགུན་འབུའི་བདེ་སྲུང་ཟས་རིགས་ཚོང་རར་ལུགས་མིན་གང་བྱུང་དུ་འདྲེན་པའི་སྣང་ཚུལ་གསར་ལམ་ཁག་ཏུ་ཐེར་འདོན་བྱས་ཡོད་ཅིང་། ཡང་སྙིང་གནད་དོན་གང་དག་ཐོན་ཡོད་པ་དང་། རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་སྤྱོད་མཚམས་འཇོག་དགོས་པའི་ཚོད་ལྟའི་ལས་རིམ་སྤེལ་བ་དེས་གང་ཞིག་མཚོན་ཡོད་ཅེ་ན།
དབྱར་རྩྭ་དགུན་འབུ་ནི་རང་རྒྱལ་གྱི་མཚོ་བོད་མཐོ་སྒང་ས་ཁུལ་གྱི་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་ཞིང་ལྗོངས་ལྔ་དང་དེ་བཞིན་འབྲུག་ཡུལ། རྒྱ་གར། བལ་བོ་བཅས་རི་བོ་ཧི་མ་ལ་ཡའི་ལྷོ་རྒྱུད་ཀྱི་ས་ཁུལ་མང་པོར་ཁྱབ་ཡོད་པ་རེད། ལོ་ངོ40ལྷག་རིང་འབུ་སྐྱེས་འབུ་ཕྲར་ཞིབ་འཇུག་བྱེད་མྱོང་མཁན་གྱི་ཆེད་མཁས། ཨན་ཧུའེ་ཞིང་ལས་སློབ་གྲྭ་ཆེན་མོའི་ལས་འཁྱུར་ངལ་གསོའི་དགེ་རྒན་ཆེན་མོ་ལི་ཙིང་ཀྲི་ཡིས་དུས་ཀུན་ཏུ་ཡང་སྙིང་དེ་ནི་འབུའི་ལུས་སུ་སྐྱེས་པའི་ཤ་མོ་ཞིག་རེད་ཅེས་ནན་བཤད་གནང་གི་ཡོད་རེད།
ལི་ཙིང་ཀྲི་ཡིས“དབྱར་རྩྭ་དགུན་འབུ་ནི་ཀུན་ལ་གསལ་ཆ་ཡོད་དེ། ཀྲུང་གོའི་གསོ་རིག་བསྟན་བཅོས་ནང་དེའི་སྐོར་གྱི་ནང་དོན་བཀོད་ཡོད་ཅིང་། དེ་ནི་འཛམ་གླིང་སྟེང་གྲགས་ཆེ་བའི་སྨན་སྦྱོར་འབུ་ཕྲ་ཞིག་ལ། དེ་བས་ན་ང་ཚོས་ཀྱང་དེ་ཉིད་ནི་སྨན་སྦྱོར་འབུ་ཕྲའི་ངོས་ནས་བེད་སྤྱོད་བཏང་པའི་སྐོར་ལ་གསལ་པོར་རྟོགས་དགོས་འདུག 2012ལོར་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཡིག་ཆ་ཨང225རུ་དེ་ཉིད་བདེ་སྲུང་ཟས་རིགས་ཀྱི་སྦྱོར་རྟར་ཚོད་ལྟ་བྱས་ཆོག་སྐོར་སྲིད་ཇུས་ཀྱིས་ཅུང་ཀློད་པ་དེར་གནད་དོན་ཁ་ཤས་བྱུང་ཡོད་པ་རེད་ཅེས་ངོ་སྤྲོད་གནང་བྱུང་།
ས་ཁོངས་ཀྱི་བཀག་རྒྱ་ཐེབས་པ་དང་དེ་བཞིན་དུས་ཡུན་རིང་པོ་སྔོག་འདོན་ཚད་ལས་བརྒལ་བར་བྱས་རྐྱེན་དབྱར་རྩྭ་དགུན་འབུའི་ཐོན་ཚད་ལའང་ཚད་བཀག་ཆེན་པོ་ཐེབས་ཡོད་མ་ཟད། ལོ་རེར་བཞིན་མར་ཆག་པའི་གནས་སུ་ལྷུང་ཡོད་པ་དང་། མིའི་ཐབས་ཀྱིས་གསོ་སྤེལ་དེ་ད་དུང་ཚོད་ལྟ་ཁང་དུ་ཚོད་ལྟའི་དུས་རིམ་དུ་ལུས་ཡོད་པས་ན། གནས་བབ་འདི་འདྲའི་འོག་ཏུ་ཁྲོམ་རའི་ཐོག་གནས་སྐབས་ཤིག་རིང་དབྱར་རྩྭ་དགུན་འབུའི་རྒྱལ་པོ་དང་། དབྱར་རྩྭ་དགུན་འབུའི་སྦྱོར་ཁུ་ལྟ་བུའི“དབྱར་རྩྭ་དགུན་འབུ”ལས་སྐྱེད་པའི་ཐོན་རྫས་ཅི་རིགས་བྱུང་ཀྱི་ཡོད་ལ། དེ་དག་ནི་བྱེད་ཐབས་མི་འདྲ་བའི་ལམ་ནས་དབྱར་རྩྭ་དགུན་འབུའི་གྲུབ་རྫས་དང་གཅིག་ཏུ་སྡེབ་ཡོད་པ་རེད། ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི། འབུ་ཕྲ་རིག་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཞིབ་འཇུག་པ་ཝེ་ཅང་ཁྲོན་གྱིས་གསར་ལམ་ཁག་ཏུ་དབྱར་རྩྭ་དགུན་འབུའི་སྐོར་གླེང་ན། དེ་ནི་དོན་སྤྱི་ཅན་ཞིག་སྟེ་རིགས400ལྷག་ཙམ་ཡོད་པ་དང་། དབྱར་རྩྭ་དགུན་འབུ་ནི་དེ་དག་ཁྲོད་ཀྱི་རིགས་གཅིག་ཡིན་ལ། དེང་ཆར་དེའི་ངོས་འཛིན་ཅུང་རྙོག་དྲར་གྱུར་ཡོད་ཅེས་བསྟན་བྱུང་།
དེ་སྔར་གསར་ལམ་ཁག་ཏུ་ཐེར་འདོན་བྱས་པའི་སེང་གེ་རྟགས་ཅན་གྱི་དབྱར་རྩྭ་དགུན་འབུའི་སྦྱིན་ཐུམ་ཞེས་པར། ཚོང་མཁན་ཕྱོགས་ནས་ཁོ་ཚོའི་ཐོན་རྫས་ལ་བསྟུད་མར་ལོ་ངོ་དུ་མའི་རིང་“ཀྲུང་གོའི་བདེ་སྲུང་ཐོན་རྫས་ཀྱི་ཡིད་རྟོན་ཐོན་རྫས”ཀྱི་མཚན་སྙན་ཐོབ་མྱོང་པ་མ་ཟད་སྤུས་ཀའི་ཐད་ཁག་ཐེག་བྱེད་ཐུབ་ཅེས་བསྒྲགས་ཡོད་ནའང་། ཀྲུང་གོའི་ཚན་རིག་ཁང་སྐྱེ་དངོས་ཕྲ་རབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡའོ་ཡེ་ཅན་གྱིས་གསར་ལམ་ཁག་ལ་ཚོད་ལྟ་ཁང་གིས་ཞིབ་བཤེར་བྱས་འབྲས་ལས་མངོན་པར་ལྟར་ན། དེ་ནི་དབྱར་རྩྭ་དགུན་འབུ་དང་རིགས་མི་འདྲ་བའི་སྐྱེ་དངོས་རིགས་ཤིག་ཡིན་ལ། དེ་གཉིས་བར་འབྲེལ་འདྲིས་གང་ཡང་མི་འདུག་ཅེས་བརྗོད་བྱུང་།
བདེ་སྲུང་ཐོན་རྫས་ཁ་ཤས་ལ་རྒྱུན་དུ“དབྱར་རྩྭ་དགུན་འབུའི་འབུ་སྲིན་རྒྱུད”ཅེས་གསལ་བཤད་བྱས་ཡོད་ལ། དེ་ནི་རང་བྱུང་གི་དབྱར་རྩྭ་དགུན་འབུ་ལས་དགར་པའི་འབུ་ཕྲའི་རིགས་ཤིག་སྟེ། མིའི་ཐབས་དང་བཟོ་གྲྭ་ཅན་གྱིས་ཐོན་སྐྱེད་གསོ་སྐྱོང་བྱས་པའི་འབུ་སྲིན་རྒྱུད་ཅིག་ཡིན་པ་མ་ཟད། དྲ་ཐོག་ཏུ་རིན་གོང་སྒོར་འགའ་ནས་སྒོར19800བར་རིན་གོང་མི་འདྲ་བར་འཚོང་གི་ཡོད་པ་རེད། ལི་ཙིང་ཀྲི་ཡིས་དབྱེ་ཞིབ་བྱས་པ་ལྟར་ན། དངོས་རིགས་རྫུན་མས་དབྱར་རྩྭ་དགུན་འབུའི་ཚབ་བྱེད་ཀྱི་ཡོད་ཅིང་། བདེ་སྲུང་ཟས་རིགས་དང་ཟས་རིགས་ཁ་ཤས་ནི་མིའི་རྩོལ་བས་བཏབ་པའམ་མིས་བཟོས་སྐྱུར་ཐོན་དངོས་རྫས་རིགས་རེད་འདུག
འབུ་ཕྲ་དང་དངོས་རིགས་གཞན་གང་ཞིག་ཡིན་རུང་། དབྱར་རྩྭ་དགུན་འབུ་དང་འབྲེལ་བ་ཡོད་མེད་གང་ལྟར་སྣང་རུང་། དེ་དག་ལ“དབྱར་རྩྭ་དགུན་འབུ”ཞེས་པའི་མིང་སྦྱར་ཚེ། རིན་གོང་དེ་འཕྲལ་ལྡབ་འགྱུར་གྱིས་འཕར་ཐུབ་པ་རེད། ཀྲུང་གོའི་འཛད་སྤྱོད་མཁན་མཐུན་ཚོགས་ཀྱི་ཁྲིམས་རྩོད་པ་ཚོགས་པའི་ཚོགས་གཙོ་ཆུག་པའོ་ཁྲང་ལྟར་ན། འབྲེལ་ཡོད་ཚོང་རར་སྣང་ཚུལ་དེ་འདྲ་བྱུང་པའི་རྒྱུ་རྐྱེན་གཙོ་བོ་ནི་དེར་མཐུན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཚད་གཞི་མེད་པར་རགས་ལས་ཤིང་། འབྲེལ་ཡོད་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་པ་ཡིན་ན། ད་གཟོད་ང་ཚོའི་ཟས་རིགས་ཁྲོམ་ར་ཚད་ལྡན་དུ་གྱུར་ནས་འཛད་སྤྱོད་པའི་ཁེ་དབང་ལ་འགན་སྲུང་བྱེད་ཐུབ་པར་འདོད།
བཅར་འདྲིའི་གོ་རིམ་ཁྲོད། ལི་ཙིང་ཀྲི་ཡིས་དུས་ཀུན་ཏུ་དབྱར་རྩྭ་དགུན་འབུ་དང་རྩྭ་འབུ་གཞན་གང་ཞིག་ཡིན་ཡང་། ཚན་རིག་དང་མཐུན་ཞིང་བདེ་འཇགས་ཀྱིས་བཀོལ་སྤྱོད་བྱེད་དགོས་ལ།“ལྷག་པར་དུ་བདེ་སྲུང་ཐོན་རྫས་དང་ཟས་རིགས་ཡིན་པའི་ངོས་ན། དེ་ནི་ཀྲུང་ལུགས་སྨན་རྫས་སྤྱོད་པ་དང་འདྲ་གི་མེད་དེ། འཚོ་བཅུད་ཇི་འདྲ་ལེགས་པའམ་སྨན་ནུས་ག་འདྲ་ལྡན་ཡང་། ང་ཚོའི་བདེ་འཇགས་ནི་ནམ་ཞར་ཨང་དང་པོ་ཡིན་པ་རེད”ཅེས་ནན་གྱིས་བསྟན་བྱུང་།