ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཁྲོན་བོད་ལྕགས་ལམ་གྲུབ་རྗེས་ཁྲིན་ཏུའུ་ནས་ལྷ་སའི་བར་དུ་ཆུ་ཚོད13ལས་མི་དགོས།

2016-03-09 ཁྲི་སེམས་དཔའ།
         ད་ལོར་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་ལས་གཞི་ཆེ་གྲས་སྐོར་ཞིག་ལས་འགོ་རྩོམ་རྒྱུ་རེད། ལྕགས་ལམ་བཟོ་སྐྲུན་ཐད་སྒོར་དུང་ཕྱུར8000ཡན་དང་། གཞུང་ལམ་བཟོ་སྐྲུན་ཐད་སྒོར་དུང་ཕྱུར་ཁྲི1.65གཏོང་རྒྱུ་ཡིན་པ་དང་། ཆུ་བེད་བཟོ་འགོད་ཆེ་ཁག20འགོ་རྩོམ་རྒྱུ།གཞན་ཡང་ཆུ་གློག་དང་ཉིང་གློག གྲོང་ཁྱེར་ལྕགས་ལམ་འགྲིམ་འགྲུལ་སོགས་ལས་གཞི་ཆེ་ཁག་འཛུགས་སྐྲུན་བྱ་རྒྱུ་རེད། ད་དུང་རྒྱལ་ནང་དང་རྒྱལ་སྤྱིའི་བགྲོད་ལམ་མཉམ་སྦྲེལ་དང་ས་ཁོངས་ནང་གི་མཁར་གྲོང་ཡོངས་སུ་ཁེབས་པ། འགག་རྩའི་ནུས་པ་ཆ་ཚང་བ། སྐྱེལ་འདྲེན་དང་ཞབས་ཞུ་ཕུང་བོ་གཅིག་ཅན་དང་ལས་ཕྱོད་མཐོ་བའི་ཕྱོགས་བསྡུས་ཅན་གྱི་འགྲིམ་འགྲུལ་མ་ལག་ཅིག་འཛུགས་སྐྲུན་བྱ་རྒྱུ་རེད ། 
         གསར་དུ་བསྒྲགས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ཐད་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྩ་གནད﹙འཆར་ཟིན)》ལྟར་ན། ཁྲོན་བོད་ལྕགས་ལམ་དེ་ལོ་ལྔ་ཚན་བཅུ་གསུམ་པའི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་གནད་སའི་བཟོ་འགོད་ནང་བཀོད་པ་དང་། མཐའ་མཚམས་ལྕགས་ལམ་ཁྲོད་ཀྱི་ལྕགས་ལམ་གལ་ཆེན་ཞིག་ཏུ་གྱུར། གསར་འགོད་པས་ཀྲུང་གོ་ལྕགས་ལམ་ཀུང་སིའི་ཞིབ་འཇུག་གླིང་གཉིས་པའི་ཁྲོན་བོད་ལྕགས་ལམ་གྱི་རྩད་ཞིབ་དང་ཇུས་འགོད་བྱ་བའི་གཙོ་འགན་ཁུར་བའི་སྤྱི་ཁྱབ་བཟོ་སྐྲུན་པ་གཞོན་པ་ལིང་ཧྲི་ཅིང་ལ་བཅར་འདྲི་བྱས་ཏེ་ཁྲོན་བོད་ལྕགས་ལམ་སྐོར་གྱི་བྱེ་བྲག་གནས་ཚུལ་དག་ལ་རྒྱུས་ལོན་བྱས། 
         ཁྲོན་བོད་ལྕགས་ལམ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”ནང་བཀོད་པ།
         “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་འཆར་ཟིན་ལྟར། ནང་འཐེན་ཕྱི་འབྲེལ་གྱི་སྐྱེལ་འདྲེན་བགྲོད་ལམ་དྲ་བ་འཛུགས་པའི་ཕྱོགས་ནས། ཤར་ནུབ་འཕྲེད་གཅོད་དང་ལྷོ་ནུབ་ཐད་གཅོད། ནང་འཐེན་ཕྱི་འབྲེལ་གྱི་ཕྱོག་བསྡུས་ཀྱི་སྐྱེལ་འདྲེན་ལམ་ཆེན་ཞིག་འཛུགས་རྒྱུ་ཡིན་པ་དང་། ཞིན་ཅང་དང་བོད་ལྗོངས་སུ་འགྲོ་འོང་བདེ་བའི་བགྲོད་ལམ་འཛུགས་སྐྲུན་བྱེད་པ། དེ་མིན་ནུབ་བྱང་དང་ལྷོ་ནུབ། ཤར་བྱང་བཅས་ཀྱི་ཕྱི་འབྲེལ་འགྲིམ་འགྲུལ་ཁྱམས་རིང་དང་མཚོ་ངོགས་ཀྱི་དར་གོས་ཚོང་ལམ་ཁྱམས་རིང་འཛུགས་པ་དང་། སྤུས་ཚད་མཐོ་བའི་མྱུར་བགྲོད་བགྲོད་ལམ་བསྐྲུན་ཏེ་མྱུར་བགྲོད་ལྕགས་ལམ་ཕྱོགས་ཀུན་ལ་འཐེན་པར་སྐུལ་འདེད་གཏོང་དགོས། དེའི་ཁྲོད་འགྲིམ་འགྲུལ་འཛུགས་སྐྲུན་གྱི་གནད་སའི་བཟོ་འགོད་ཕྱོགས་ནས།“ལོ་ལྔ་ཚན་བཅུ་གསུམ་པའི”སྐབས་སུ། མཚོ་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་དང་། མཚོ་རྒྱུད་ཀྱི་མྱུར་བགྲོད་གཞུང་ལམ་དང་གཙང་རྒྱུད་ཀྱི་མྱུར་བགྲོད་གཞུང་ལམ་ཡོངས་འགྲུབ་བྱེད་པ། མཐའ་མཚམས་ཀྱི་གཞུང་ལམ་མགྱོགས་པོར་འཛུགས་སྐྲུན་བྱེད་པ། ཧི་ཐན་ནས་རུའོ་ཆང་བར་གྱི་ལྕགས་ལམ། ཤར་བྱང་མཐའ་མཚམས་ཀྱི་ལྕགས་ལམ། ཁྲོན་བོད་ལྕགས་ལམ་སོགས་མཐའ་མཚམས་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་རེད།  
         ཀྲུང་གོ་ལྕགས་ལམ་ཀུང་སིའི་ཞིབ་འཇུག་གླིང་གཉིས་པའི་ཁྲོན་བོད་ལྕགས་ལམ་གྱི་རྩད་ཞིབ་དང་ཇུས་འགོད་བྱ་བའི་གཙོ་འགན་ཁུར་བའི་སྤྱི་ཁྱབ་བཟོ་འགོད་པ་གཞོན་པ་ལིང་ཧྲི་ཅིང་གིས་ངོ་སྤྲོད་བྱེད་དོན། ཁྲོན་བོད་ལྕགས་ལམ་འགྲམ་རྒྱུད་དུ་གཙང་གསུམ་མཉམ་དུ་བཞུར་བའི་འཕྲེད་རྒྱུག་རི་ཁུལ་ཡོད་པ་དང་། དེའི་ས་བབ་མཐོ་བ་དང་། ས་གཤིས་ཆགས་ཚུལ་གྱི་ནུས་པ་དྲག་པ་སོགས་ཁོར་ཡུག་ཁྱད་ཆོས་ལྡན་པས། མདོ་དབུས་མཐོ་སྒང་གི་རྒྱུན་མཐོང་བཟོ་སྐྲུན་ས་གཤིས་ཀྱི་དཀའ་ཁག་ཧ་ལམ་ཡོངས་སུ་མངོན་པ་རེད། ཆ་སྙོམས་ཀྱིས་མཐོ་དམའ་ལ་མུས2000ཡི་བར་ཁྱད་ཡོད་པའི་ལུང་འགག་ནང་མཐོ་དམའ་ཤིན་ཏུ་ཆེ། རིམ་བསགས་ཀྱིས་གྱེན་དུ་འགོས་པའི་མཐོ་ཚད་མུས་ཁྲི1.4ལས་བརྒལ་བ་དང་། དེ་ནི་ཉེན་ཁ་རབ་ཏུ་ཆེ་ཞིང་རྙོག་དྲ་ཤིན་ཏུ་རྒོད་པའི་ལུང་འགག་བར་དུ། འཛམ་བུ་གླིང་དུ་བཟོ་སྐྲུན་དཀའ་ཁག་ཆེས་ཆེ་བའི་ལྕགས་ལམ་འཛུགས་སྐྲུན་བྱེད་པ་རེད། དེ་ནི་འཛམ་གླིང་ལྕགས་ལམ་ལོ་རྒྱུས་སྟེང་ཧ་ཅང་མཐོང་དཀོན་པ་ཞིག་ཡིན།  
         ཁྲོན་བོད་ལྕགས་ལམ་གྱི་ཁྱད་ཆོས་ལ་དམིགས་ནས་ཆེད་མཁས་པ་རྣམས་ཀྱིས་རྩད་ཞིབ་ཇུས་འགོད་དང་། བཟོ་འགོད་འཛུག་སྐྲུན། སྤྱོད་གཉེར་སྲུང་སྐྱོང་སོགས་དུས་རིམ་གསུམ་རིམ་བགར་གྱིས་སྤེལ་ཞིང་། མིག་སྔར་དེའི་ཐད་བཏང་བའི་གྲོན་དངུལ་སྒོར་དུང་ཕྱུར་ཡན་ལ་སླེབས་པ་རེད།
         ཁྲིན་ཏུའུ་ནས་ལྷ་སར་ཆུ་ཚོད13ལས་མི་དགོས། 
         རྒྱུས་ལོན་བྱུང་བ་ལྟར་ན། ཁྲོན་བོད་ལྕགས་ལམ་དེ་ཤར་གྱི་སི་ཁྲོན་ཁྲིན་ཏུའུ་ནས་གཡག་རྔ། དཀར་མཛེས་བརྒྱུད་དེ། བོད་ལྗོངས་ཀྱི་ཆབ་མདོ་དང་། དེ་ནས་ཉིང་ཁྲི། ལྷོ་ཁ། བོད་ལྗོངས་ཀྱི་ལྟེ་བ་ལྷ་སའི་བར་དུ་ཡིན་ལ། སྤྱིའི་རིང་ཚད་ལ་སྤྱི་ལེ1800ཡོད།              
         ལིང་ཧྲི་ཅིང་གིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་གྱི་གནས་བབ་ལ་གཞིགས་ཚེ་ཁྲིན་ཕུའུ་ལྕགས་ལམ་ད་ལོར་འགྲུབ་རྒྱུ་རེད།“ཁྲའོ་དབྱང་མཚེའུ་ནས་གཡག་རྔའི་བར་གྱི་ལྕགས་ལམ་ལས་འགོ་བརྩམས་ནས་ལོ་གཉིས་འགོར་སོང་ལ། འཕེལ་རིམ་བདེ་བླག་ཡིན”ལིང་ཧྲི་ཅིང་གིས་བཤད་རྒྱུར། གཡག་རྔ་ནས་ཤིན་ཏུའུ་ཟམ་པའི་བར་དུ་ལག་བསྟར་བྱེད་འཐུས་པའི་ཞིབ་འཇུག་བྱས་ཤིང་། ཤིན་ཏུའུ་ཟམ་པ་ནས་ཉིང་ཁྲིའི་བར་དུ་སྔོན་རྩིས་བྱས་པ་ལྟར་ན་ལག་བསྟར་བྱེད་འཐུས་པའི་ཞིབ་འཇུག་ལ་ཞིབ་བཤེར་ཐོབ་སྲིད་པ་དང་། ལྷ་ས་ནས་ཉིང་ཁྲིའི་བར་དུ་ཡང་ན་ནིང་ནས་བཟུང་ལས་འགོ་བརྩམས།  
         ད་ལྟ་ཁྲིན་ཏུའུ་ནས་ལྷ་སའི་བར་དུ་ཐེངསT22ཡི་མེ་འཁོར་ཐེངས་གཅིག་མ་གཏོགས་མེད། དེ་མ་ཟད་ཉིན་གཉིས་ནང་ཐེངས་གཅིག་མ་གཏོགས་མེད་ལ་ཆུ་ཚོད་ཧ་ལམ40དགོས། ལིང་ཧྲི་ཅིང་གིས་ངོ་སྤྲོད་བྱེད་དོན། ཁྲོན་བོད་ལྕགས་ལམ་ལས་ནས་གྲུབ་རྗེས་ས་གནས་གཉིས་ཀྱི་བར་ཐག་ཇེ་ཐུང་དུ་བཏང་བ་དང་། ཆུ་ཚོད13ཡས་མས་ཉུང་དུ་བཏང་བས། སྔ་མོ་བཏང་ན་སྲོད་ལ་སླེབས་པ་དང་སྲོད་ལ་བཏང་ན་སྔ་མོར་སླེབས་པ་མངོན་འགྱུར་བྱུང་། དུས་མཚུངས་སུ་ཧྲང་ཧེ་ནས་བོད་ལྗོངས་ལྷ་སའི་ལྕགས་ལམ་བགྲོད་ལམ་ཆེན་མོ་ཆགས་པ་དང་། བོད་ལྗོངས་སུ་བསྐྱོད་པའི་འགྲིམ་འགྲུལ་ཐད་ལེགས་བཅོས་ཆེན་པ་བྱུང་།
         དུས་མཚུངས་སུ། ཁྲོན་བོད་ལྕགས་ལམ་གྱིས་ད་དུང་མཐའ་མཚམས་ཀྱི་དཔལ་འབྱོར་གོང་དུ་སྤེལ་བར་སྣེ་ཁྲིད་པ་དང་། སི་ཁྲོན་ནུབ་རྒྱུད་ཀྱི་དཀར་མཛེས་ཁུལ་དང་བོད་ལྗོངས་ཆབ་མདོ། ཉིང་ཁྲི་ས་ཁུལ། ལྷོ་ཁ་ས་ཁུལ་བཅས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་ལེགས་སྒྱུར་བྱ་ཐུབ།
འབྲེལ་ཡོད་རྩོམ་ཡིག