ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

“གནས་མཆོག་བོད་ལྗོངས”ཀྱི་ལྡེབས་རིས་དང་པར་ལེན་སྒྱུ་རྩལ་འགྲེམ་སྟོན་པེ་ཅིང་དུ་བསྡུས་པ།

2016-03-10 བསོད་ནམས་འཚོ།

        ཟླ3པའི་ཚེས5ཉིན། བོད་ལྗོངས་ཐང་ག་སྒྱུ་རྩལ་དང་དང་རིག་གནས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི“གནས་མཆོག་བོད་ལྗོངས”ཀྱི་ལྡེབས་རིས་དང་པར་ལེན་སྒྱུ་རྩལ་འགྲེམ་སྟོན་དེ་པེ་ཅིང་དུ་བསྡུས་ཤིང་། བསྡོམས་པས་བོད་ལྗོངས་ཀྱི་པར་ལེན་དགའ་མོས་མཁན་བློ་མཐུན་པའོ་ཀྲི་ཡུན་གྱི་བརྩམས་ཆོས90ལྷག་བཀྲམ། འགྲེམ་སྟོན་བརྩམས་ཆོས་དེ་བོད་ལྗོངས་ཀྱི་རིག་གནས་དང་གྲོང་ཚོའི་འཚོ་བ་མཚོན་པའི་བོད་ལྗོངས་ལྡེབས་རིས་ཀྱི་རྡོ་བརྐོས་པར་ལེན་དང་གསར་སྐྲུན་པར་ལེན། དངོས་བཀོད་པར་ལེན་སོགས་ཁྱབ་ཁོངས་མང་པོར་ཁེབས་ཤིང་། མཚོན་སྟངས་སྣ་ཚོགས་བརྒྱུད་ལྟད་མོ་བར་བོད་ལྗོངས་ཀྱི་རིག་གནས་ལ་ངོས་འཛིན་དང་རྒྱུས་ལོན་བྱེད་པའི་མཐོང་སྣང་གསར་པ་སྦྱིན།   

        ཐེངས་འདིར་བཀྲམ་པའི་བོད་ལྗོངས་ལྡེབས་རིས་ཀྱི་པར་ལེན་བརྩམས་ཆོས་ནི་བོད་ལྗོངས་ཀྱི་རྩ་ཆེ་བའི་ལྡེབས་རིས་པར་ལེན་བརྩམས་ཆོས་སྟོང་ཕྲག་ཁྲོད་བདམས་པ་ཡིན་ལ། དེས་དུས་རབས11པའི་ཚུན་དུ་བོད་ལྗོངས་ཀྱི་དུས་སྐབས་སོ་སོའི་རི་མོའི་སྒྱུ་རྩལ་གྱི་ཆུ་ཚད་མཚོན་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཕེལ་རྒྱས་བཤུལ་ལམ་ཟིན་ཐོར་བཀོད་ཡོད་ལ། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རིམ་མཚོན་པས། བོད་ལྗོངས་ཀྱི་ལོ་རྒྱུས་དང་རིག་གནས། ཆོས་ལུགས་བཅས་ལ་ཞིབ་འཇུག་གནང་བའི་དཔྱད་གཞིའི་ཡིག་རིགས་རྩ་ཆེན་ཡིན། བརྩམས་ཆོས་འདི་དག་པར་དུ་བླངས་པའི་ལག་རྩལ་མཐོ་ཞིང་། ཁ་དོག་ཇི་བཞིན་དུ་ཐོན་ཡོད་ལ། ཞིབ་ཆ་དང་ལྡན་པས། ཡུལ་ལྗོངས་ཧྲིལ་བོའི་རྣམ་པས་བོད་ལྗོངས་ཀྱི་རི་མོ་སྒྱུ་རྩལ་མངོན་པར་གསལ་ཞིང་།  མི་རྣམས་ལ་མིག་མཐོང་ལག་ཟིན་གྱི་ཚོར་བ་ཅིག་ཅར་དུ་བསྩལ་ཡོང་།

        རྡོ་བརྐོས་པར་ལེན་གྱི་བརྩམས་ཆོས་ཁྲོད། རྩོམ་པ་པོས་པར་ལེན་བྱ་ཡུལ་གྱི་རྐོ་ཐབས་ཇི་བཞིན་དུ་མཚོན་པར་འབད་ཅིང་། སྲོལ་རྒྱུན་པར་ལེན་གྱི་མཚོན་སྟངས་དོར་བས། རྡོ་བརྐོས་པར་ལེན་གྱི་བརྩམས་ཆོས་དེ་དག་སྣག་ཚོན་དང་པར་རིས་ཤོག་ལྷེ་བར་ནས་ལེགས་པར་མངོན་ཏེ། སེམས་མེད་རྡོ་ལའང་བརྩེ་བ་དང་དད་མོས་ཀྱིས་ཕྱུག་པར་བྱས་ཡོད།

        འགྲེམ་སྟོན་བྱས་པའི་དངོས་བྲིས་པར་ལེན་གྱི་བརྩམས་ཆོས་སྐོར་ཞིག་རྩོམ་པ་པོ་བོད་ལྗོངས་པད་སྡིངས་གྲོང་ཚོར་སྡོད་སྐབས་ཀྱི་འཚོ་བའི་ཉམས་ལེན་ཡིན་ཞིང་། གྲོང་ཚོ་ཆུང་བ་ཞིག་གི་འཚོ་བ་ཟིན་ཐོར་བཀོད་དེ། བོད་ལྗོངས་ཀྱི་འབངས་མི་དཀྱུས་མའི་འཚོ་གཞེས་རྣམ་པ་ཇི་བཞིན་དུ་མཚོན་ཡོད། གྲོང་ཚོ་དེར་སྡོད་སྐབས། བློ་མཐུན་ཀའོ་ཀྲི་ཡུན་གྱིས་ཡུལ་མི་སྤུན་ཟླ་རྣམས་དང་མཉམ་དུ་འཚོ་བ་རོལ་བས། བོད་ལྗོངས་གྲོང་གསེབ་ཀྱི་འཚོ་བར་རྒྱུས་ལོན་ཟབ་མོ་བྱུང་། ཁོང་གི་པར་མིག་བརྒྱུད་དེ། ང་ཚོས་ད་ལྟའི་བོད་ལྗོངས་གྲོང་གསེབ་ཀྱི་མི་དང་མིའི་བར་གྱི་ཞི་མཐུན་དང་མཛའ་བརྩེ། ད་དུང་ནང་སེམས་ཀྱི་ལྷིང་འཇགས་བཅས་མཐོང་ཐུབ་ལ། ད་དུང་གསོན་ཉམས་དོད་པའི་བོད་ལྗོངས་གྲོང་གསེབ་ཀྱི་གཏམ་རྒྱུད་རེ་རེ་མཐོང་ཐུབ།

        བློ་མཐུན་ཀའོ་ཀྲི་ཡུན་གྱི་ལོ་ངོ30རིང་གི་ལས་ཞོར་གྱི་པར་ལེན་འཚོ་བའི་ཁྲོད། ཁོང་ཉིད་བོད་ལྗོངས་ཀྱི་ས་གནས་སོ་སོར་ཕྱིན་ཏེ་པར་འབོར་ཆེན་བླངས་ཤིང་། བོད་ལྗོངས་ཀྱི་ལྡེབས་རིས་སྒྱུ་རྩལ་བརྩམས་ཆོས་འཚོལ་སྡུད་བྱེད་ཆེད། ཁོས་ལོ་ངོ10ལྷག་གི་རིང་ལ་བོད་ལྗོངས་མཐའ་མཚམས་ས་ཁུལ་གྱི་སྒྱུ་རྩལ་དང་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ལྡེབས་རིས་སྨི་སྟོང་ལྷག་པར་བླངས་པ་དང་། དེའི་ཁྲོད་གདོད་མའི་འདྲ་པར་ཁྲི12ལ་ཉེ་བ་ཡོད། ཁོས་ལས་ཞོར་གྱི་དུས་ཚོད་བེད་སྤྱད་དེ་པར་དུ་བླངས་པའི་ལྡེབས་རིས་དག་སྒྲིག་བྱས་ཏེ། བོད་ལྗོངས་ཀྱི་ལྡེབས་རིས་པར་མཛོད་ཅིག་ཐོག་མར་བཙུགས་པས། ལྡེབས་རིས་དེ་དག་གྲངས་ཀ་ཅན་དུ་ཉར་ཚགས་ཐུབ་པ་བྱུང་།

འབྲེལ་ཡོད་རྩོམ་ཡིག