ཤིན་ཧྭ་གསར་སྤེལ་ཁང་ནས་ཟླ3ཚེས6ལ་འབྱོར་བའི་གློག་འཕྲིན་ལྟར་ན། སྤྱི་ཚེས2ཉིན་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་གི་ལ་གཟར་འགག་ནགས་ར་དང་སྟག་ལྷ་ནགས་ར་གཉིས་ལ་མེ་སྐྱོན་ཚབས་ཆེན་ཤོར་ནས་ཉིན4འགོར་ཡོད། སྤྱི་ཚེས6ཉིན་ལ་གཟར་འགག་ནགས་རའི་མེ་ཤོར་བྱ་བར་བཀག་འགོག་ལེགས་པོ་བྱས་ན་ཡང་། སྟག་ལྷ་ནགས་ཁུལ་གྱི་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་ཤོར་བ་དང་། སྤྱི་ཚེས5ཉིན་གྱི་ཉིན་གུང་ནས་རླུང་ཤུགས་སྔོན་ལས་ལྡབ་འགྱུར་གྱིས་ཆེ་རུ་ཕྱིན་པ་དང་མེ་སྐྱོན་སྔོན་འགོག་བྱ་བ་ཡུན་བསྲིངས་མི་བྱེད་ག་མེད་བྱུང་བ་དང་། ད་ལྟ་དངོས་སུ་རྩིས་ལེན་བྱས་པ་ལྟར་ན། མེ་སྐྱོན་ཤོར་བའི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང180ལ་སླེབས་ཡོད། རྒྱལ་ཁབ་ནགས་ཚལ་མེ་སྐྱོན་སྔོན་འགོག་བཀོད་འདོམས་པུའུ་དང་རྒྱལ་ཁབ་ནགས་ལས་ཅུའུ་ཡིས་ནགས་ཚལ་མེ་སྐྱོན་བྲེལ་མྱུར་སྔོན་དཔག་བྱ་བ་ཚད་རིམ Ⅳནས Ⅲམཐོ་རུ་ཕྱིན་པར་སྔོན་དཔག་བྱས་པས། འབྲེལ་ཡོད་ལས་ཁུངས་ཁག་ཡུལ་དངོས་ལ་ཐོན་ནས་མེ་སྐྱོན་སྔོན་འགོག་བྱ་བ་ལ་མཛུབ་སྟོན་དང་རོགས་རམ་གང་ལེགས་བྱས།
ཀན་སུའུ་ཞིང་ཆེན་གྱི་ནགས་ཚལ་མེ་སྐྱོན་སྔོན་འགོག་བཀོད་འདོམས་པུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར་ལ་གཟར་འགག་མེ་སྐྱོན་ཡུལ་གྲུ་ལ་དངོས་སུ་སྔོན་འགོག་བྱ་བ་ཁྱོན་ཡོངས་ནས་ཤུགས་ཆེ་རུ་སྤེལ་ཡོད་པ་དང་། མེ་སྐྱོན་ཤོར་བའི་ས་གནས་ཀྱི་མེ་སྐྱོན་ཆུང་ངུ་བྱུང་བ་དག་ལ་ཚང་མས་ནུས་ཤུགས་ཡོད་རྒུ་བཏོན་ནས་སྔོན་འགོག་ལེགས་པོ་བྱེད་ཀྱིན་ཡོད། མེ་སྐྱོན་ཤོར་བའི་ཡུལ་དངོས་སུ་མེ་གསོད་མཁན་གྱི་མི 1140སླེབས་ཡོད་ལ། དེའི་ཁྲོད་ནགས་ལས་ཉེན་རྟོག་པ 123ཡོད། སྟག་ལྷ་ནགས་ཚལ་གྱི་མེ་སྐྱོན་ཤོར་བའི་གནས་ནི་རི་མཐོ་ཞིང་ནགས་སྟུག་པ། ས་དབྱིབས་རྩུབ་ཅིང་རྙོག་འཛིང་ཆེ་བའི་ཁར། སྤྱི་ཚེས5ཉིན་གྱི་ཉིན་གུང་ནས་རླུང་ཤུགས་ཚད་རིམ་བདུན་དུ་ཕྱིན་པ་དང་མེ་སྐྱོན་སྔོག་འགོག་བྱ་བ་ལ་འགོར་འགྱངས་ཚབས་ཆེན་བྱས་ཡོད། མིག་སྔར་མེ་སྐྱོན་ཤོར་ཡུལ་དཀན་གཟར་བྲག་རི་ཡིན་པ་དང་མིས་མེ་གསོད་ཡོ་བྱད་ཁྱེར་མི་ཐུབ་ཅིང་མེ་གསོད་བྱ་བར་དཀའ་ངལ་ཧ་ཅང་ཆེ་བས། མེ་སྐྱོན་ཤོར་བའི་ཡུལ་དངོས་ལ་ཚོད་དཔག་ཚད་ལེན་བྱས་པ་ལྟར་ན་སྤྱི་ཆིང180ལྷག་ཡོད་པ་དང་། མེ་གསོད་མཁན་མི 1288ཡོད་ལ། དེའི་ཁྲོད་ནགས་ལས་ཉེན་རྟོག་པ 293ཡོད། ད་རུང་ནགས་ལས་ཉེན་རྟོག་པ170ལྷག་ཁ་སྣོན་བྱེད་བཞིན་པའི་སྒང་ཡིན།
ཀན་སུའུ་ཞིང་ཆེན་གྱི་ནགས་ཚལ་མེ་སྐྱོན་སྔོན་འགོག་བཀོད་འདོམས་པུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར་གྱི་མེ་སྐྱོན་ཤོར་བའི་གནས་ཚུལ་ཛ་དྲག་ཡིན་ལ། རྒྱལ་ཁབ་ནགས་ཚལ་མེ་སྐྱོན་སྔོན་འགོག་བཀོད་འདོམས་པུའུ་དང་རྒྱལ་ཁབ་ནགས་ལས་ཅུའུ་ཡིས་སྤྱི་ཚེས5ཉིན་ནགས་ཚལ་མེ་སྐྱོན་བྲེལ་མྱུར་སྔོན་དཔག་བྱ་བ་ཚད་རིམ Ⅳནས Ⅲམཐོ་རུ་ཕྱིན་ཡོད་པར་བསྒྲགས་པ་དང་། ད་རུང་བྱ་བའི་ཚན་ཆུང་དང་རྒྱལ་ཁབ་མེ་སྐྱོན་སྔོན་འགོག་ཆེད་མཁས་པའི་ལས་མི། རྒྱལ་ཁབ་ནགས་ལས་ཅུའུ་བྱང་ཕྱོགས་བར་སྣང་ནགས་ཚལ་མེ་སྐྱོན་སྔོན་འགོག་དཀྱིལ་སྙིང་ས་ཚིགས་དང་རྒྱལ་ཁབ་ནགས་ལས་ཅུའུ་ནགས་ཚལ་མེ་སྐྱོན་སྔོན་འགོག་ཉེན་བརྡ་བརྟག་དཔྱད་བརྡ་འཕྲིན་ལྟེ་གནས་ཀྱི་འབྲེལ་ཡོད་མི་སྣ་མེ་སྐྱོན་ཐེབས་པའི་ཡུལ་གྲུ་ཁག་ལ་དངོས་སུ་འབྱོར་ཡོད་པར་མ་ཟད། ད་རུང་སྣེ་སྟོན་མེ་གསོད་མྱུར་སྐྱོབ་དང་བར་སྣང་མེ་གསོད་སོགས་འབྲེལ་ཡོད་བྱ་བ་དངོས་འབེབས་བྱས་ཡོད་ལ། རྒྱལ་ཁབ་ནགས་ཚལ་མེ་སྐྱོན་སྔོན་འགོག་གཞུང་སྒྲུབ་ཁང་གིས་ཧྲན་ཞི་རུ་མཁའ་བསྐྱོད་མེ་གསོད་གནམ་གྲུའི་རོགས་སྐྱོར་གྲ་སྒྲིག་བྱས་པ་དང་། མགྱོགས་མྱུར་སྒོས་མེ་གསོད་ཡུལ་གྲུ་ལ་རོགས་དངོས་ཐེངས་འགར་བསྐྱལ་ཞིང་གོམ་གང་མདུན་སྤོས་སྒོས་མེ་གསོད་ཡུལ་དངོས་ཀྱི་བྱ་བར་འཁོར་སྐར་ཚོད་དཔག གནས་ཚུལ་རྗེས་འདེད། ཡུལ་དངོས་རྟོག་དཔྱོད། མེ་ཉེན་སྔོན་བརྡ་སོགས་ཀྱི་བྱ་བ་སྣ་དགུ་བསྒྲུབས་དང་སྒྲུབ་བཞིན་ཡོད་དོ། །