ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་ཚོགས་འདུར་ཕེབས་པ་དང་། ཡུས་ཀྲེང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་3ཚེས་14ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་དུ་གྲོལ་བ་རེད། འདི་ནི་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་འདྲ་པར་རེད།
ཟླ་3ཚེས་14ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་མཇུག་འགྲིལ་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་དུ་འཚོགས་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་སྦྲགས་གསུང་བཤད་གནང་བ།
དམངས་གཙོའི་གྲོས་མོལ་བྱས་ནས་ངོས་འཛིན་གཅིག་མཐུན་ཡོང་བ་དང་ཡིད་ཆེས་བརྟན་པོས་འཕེལ་རྒྱས་གཏོང་ཐབས་བྱས། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་སྒྲིག་བྱུང་བ་དང་ཚེས་14ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད། ཚོགས་འདུའི་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་ཚོགས་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྱོན་ཡོངས་ནས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་སྐབས་བཅོ་བརྒྱད་པའི་ཚོགས་འདུ་ཐེངས་གསུམ་པ་དང་། བཞི་པ། ལྔ་པའི་དགོངས་དོན་དོན་འཁྱོལ་བྱེད་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་།“མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་མཛུབ་སྟོན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། གསར་གཏོད་ཡར་བརྩོན་བྱེད་པ་དང་ལས་སྒྲུབ་ཏན་ཏིག་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་བྱེད་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་དང་། ཧན་ཆི་ཏེ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ལི་ཝུན་དབྱི། ལུའོ་ཕུའུ་ཧོ། ཧོ་ཧོའུ་ཧྭ། ཀྲང་ཆིན་ལི། ལི་ཧའེ་ཕུང་། ཁྲེན་ཡོན། ལུའུ་ཀྲན་ཀུང་། ཀྲོའུ་ཞའོ་ཁྲོན། ཝང་ཅ་རུའེ་། ཝང་ཀྲེང་ཝུའེ། མ་པེའོ། ཆི་ཤུས་ཁྲུན། ཁྲེན་ཞའོ་ཀོང་། མ་ཕེ་ཧྭ། ལིའུ་ཞའོ་ཕུང་། ཝང་ཆིང་མིན་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད།
ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་ཞུགས་ཡོད།
ཕྱི་དྲོ་ཆུ་ཚོད་3པར་མཇུག་འགྲིལ་ཚོགས་འདུ་འཚོགས། ཡུས་ཀྲེང་ཧྲེང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་ལ་ཚོགས་ཞུགས་བྱེད་དགོས་པའི་མི་གྲངས་2214དང་། དེ་རིང་དངོས་སུ་ཕེབས་པའི་མི་གྲངས་2101ཡོད་པས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་ཡོད་ཅེས་ཁྱབ་བསྒྲགས་གནང་།
ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་གཞིའི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད།
ཡུས་ཀྲེང་ཧྲེང་གིས་གསུང་བཤད་གནང་སྐབས་ཚོགས་འདུའི་རིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་རྣམས་ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཞུགས་གནང་བ་དང་། ལས་རིགས་མི་འདྲ་བའི་ཚོ་ཆུང་གི་བསམ་འཆར་དང་གྲོས་འགོ་གསན་གནང་བ་དང་ཨུ་ཡོན་ཚོ་དང་ལྷན་དུ་རྒྱལ་དོན་གཏིང་ཟབ་གླེང་བ་རེད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཀུང་གུང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ།འཐབ་ཇུས་གསར་པ་ལག་བསྟར་ནན་ཏན་བྱེད་པ་དང་།
“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་ཀྱི་བཀོད་པར་དམ་པོར་དམིགས་ནས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་།“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་འཛིན་གྱི་འཆར་ཟིན། རྒྱལ་ཡོངས་ཀྱི་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ་སོགས་གལ་ཆེའི་ཡིག་ཆ་ཁག་ལ་གྲོས་བསྡུར་གཏིང་ཟབ་བྱས་ནས་དོན་ཆེན་གྲོས་བསྡུར་དང་ཇུས་བཟང་གདིང་བ་བཅས་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཚོགས་འདུའི་ཐོག་དམངས་གཙོ་དང་མཐུན་སྒྲིལ། བདེན་པ་བདེན་ཐུབ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་བཅས་མཐའ་འཁྱོངས་བྱས་ནས། མི་དམངས་སྲིད་གྲོས་དེ་དམངས་གཙོ་གྲོས་མོལ་བྱེད་པའི་གལ་ཆེའི་ཐབས་ལམ་དང་ཆེད་དོན་གྲོས་མོལ་གྱི་སྒྲིག་གཞི་ཞིག་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་རྒྱ་ཁྱབ་ཀྱི་སྐུལ་སློང་ཞིག་རེད་ཅེས་གསུངས།
ཡུས་ཀྲེང་ཧྲེང་གིས། འབྱོར་འབྲིང་སྤྱི་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ཕུགས་འདུན་མཚོན་པར་བྱས་ཡོད་པ་དང་ཀྲུང་གོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་འབད་བརྩོན་ལྷོད་མེད་བྱེད་པ་མཚོན་གྱི་ཡོད། དུས་ཡུན་རིང་པོར་དཀའ་སྤྱད་འཚོལ་ཞིབ་དང་ཞུམ་མེད་འབད་འཐབ་བྱས་པ་བརྒྱུད། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་རྦད་དེ་ལེན་པའི་དུས་མཚམས་སུ་འབྱོར་ཟིན་ནས། ལོ་བརྒྱའི་འབད་འཐབ་ཀྱི་དམིགས་ཚད་ཨང་དང་པོར་མཐའ་མའི་གདོང་མཆོང་བྱེད་པའི་འགག་རྩའི་དུས་སྐབས་ལ་བསུ་བ་ཞུ་བཞིན་ཡོད། ལོ་རྒྱུས་ཀྱི་ཡོལ་བ་ཕྱེ་ཟིན་པས་དཀའ་ཚེགས་ཆེ་བའི་ལས་འགན་དེ་ང་ཚོའི་མི་རབས་འདིའི་ཕྲག་ཐོག་ཏུ་འཁུར་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལེགས་ཆ། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དངོས་པོའི་རྨང་གཞི་བརྟན་པོ་བཏིང་ཡོད་པས། ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པའི་རླབས་ཆེན་གྱི་རྒྱལ་ཁ་གཏན་འཁེལ་བླངས་ཐུབ་རྒྱུར་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་གསལ་པོར་ཤེས་པ་ནི་འབྱོར་འབྲིང་གི་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པ་ནི་སྒུག་ནས་བྱུང་བ་ཞིག་མིན་པར་ངེས་པར་དུ་དད་སེམས་དང་ཡིད་སེམས་རྩེ་གཅིག་ཏུ་བརྟན་པོར་གནས་པ་རྒྱུན་འཁྱོངས་ཐུབ་པ་དགོས་པ་དང་། བློ་རྩེ་གཅིག་སྒྲིམ་དང་ནུས་ཤུགས་གཅིག་སྒྲིལ་གྱིས་གོམ་པ་རེ་ལ་རྐང་རྗེས་རེ་རེ་བཞིན་མདུན་ནས་མདུན་དུ་བསྐྱོད་དགོས། ང་ཚོས་ཤེས་རྟོགས་གསལ་པོར་ཐུབ་པ་ནི་ཁྱོན་ཡོངས་ཀྱི་འབྱོར་འབྲིང་ནི་ཀྲུང་གོའི་མི་དམངས་དུང་ཕྱུར་13ལ་ཁེ་ཕན་ཐོབ་པའི་འབྱོར་འབྲིང་ཡིན་པས་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་བློ་གྲོས་གཅིག་ཏུ་སྒྲིལ་བ། སྟོབས་ཤུགས་ཆིག་སྒྲིལ་གྱིས་རྒྱལ་ཁ་ལེན་ཐུབ་པའི་ཡིད་ཆེས་དང་སྙིང་སྟོབས་རབ་འཕེལ།འབད་བརྩོན་ཏན་ཏིག་བཅས་བྱས་ནས་ཀྲུང་གོའི་མི་དམངས་ཁྱོན་ཡོངས་ཀྱི་ཐུན་མོང་གི་རེ་འདུན་བསྒྲུབ་དགོས་ཞེས་བཏོན་གནང་།
ཡུས་ཀྲེང་ཧྲེང་གིས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པར་ཐབས་ཇུས་དང་ནུས་ཤུགས་འདོན་པ་གཙོ་བོར་འཛིན་པ་ནི་མི་དམངས་སྲིད་གྲོས་ཀྱི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པའི་སྤྱིའི་རྣམ་པར་ཞབས་འདེགས་ཞུ་བར་རང་འགུལ་ངང་དང་ལེན་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་གཏོང་བའི་གཞི་རྟེན་ཡིན་པ་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་གཡོ་འགུལ་སྤུ་ཙམ་མེད་པར་མཐའ་འཁྱོངས་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་འབེན་ལ་དོ་ཁུར་བྱས་ནས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་གོང་འཕེལ་ལ་ཐབས་ཇུས་དང་ནུས་ཤུགས་འདོན་པ་དེ་འགན་ནུས་སྒྲུབ་པའི་གཙོ་གནད་དུ་བརྩིས་ཤིང་། གསར་གཏོད་དང་མཐུན་འགྲིག དྭངས་གཙང་། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དོན་འཁྱོལ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམ་བཟུང་བྱེད་པའི་གཙོ་བོའི་གནད་དོན་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པའི་དཀའ་གནད།གསར་གཏོད་དང་གསར་སྐྲུན་ལ་སྐུལ་འདེད་བྱེད་པའི་འགག་གནད་ལ་གཞིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གཅིག་བསྡུས་ཐོག་སྲིད་དོན་གྲོས་བསྡུར་བྱེད་པ། ལྟ་སྐུལ་ནུས་ལྡན་བྱེད་པ་བཅས་བྱས་ནས་ཡང་དག་གནད་ལ་འཕིགས་པའི་ལྟ་ཚུལ་གང་མང་བཏོན་པར་འབད་བརྩོན་བྱེད་དགོས།འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ནས། མི་དམངས་སྲིད་གྲོས་དེ་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཡིན་པའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་ཡོང་བ་བྱས་ཏེ། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་དང་མཐུན་སྒྲིལ་བྱ་ཡུལ་རྒྱ་བསྐྱེད་གཏོང་བ། ངོས་འཛིན་གཅིག་མཐུན་ཡོང་བ་བཅས་བྱས་ནས། ཐུན་མོང་ཐོག་རླབས་ཆེན་གྱི་བྱ་གཞག་བསྐྲུན་པའི་རྣམ་པ་བཟང་པོ་ཆགས་པར་འབད་བརྩོན་བྱ་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པའི་སྤྱི་ཚོགས་ཀྱི་ལག་ལེན་ཁྲོད་ཧུར་ཐག་ངང་ཞུགས་ནས་མུ་མཐུད་དེ་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས་ཨུ་ཡོན་གྱི་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱས་ནས། སྲིད་གྲོས་ལ་ཤེས་རྟོགས་ཐུབ་པ་དང་གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ་བཅས་བྱས་ནས། དྲང་གཏམ་ཤོད་པ་དང་ཇུས་གཞི་ལེགས་པོ་འདོན་པ། ཐབས་ཇུས་དངོས་ཡོད་འདོན་པ་མཐའ་འཁྱོངས་བྱེད་པ། དངོས་ཡོད་དང་བློ་རིག་ལྡན་པ་དང་། འདོད་ཚུལ་ཐལ་ཆེ་བ་གཏན་འགོག་བྱེད་པ། ལས་དོན་ཏན་ཏིག་ངང་བསྒྲུབ་ནས་ཧོལ་རྒྱུགས་ཀྱི་སྤྱོད་ཚུལ་ཡོངས་སུ་སྤང་བ། སྲིད་གྲོས་ཀྱི་ལས་དོན་ཁྲོད་རང་འགན་གཙང་སྒྲུབ་ཀྱིས་རང་འཁྲིའི་ལས་གནས་ཐོག་བྱས་རྗེས་འཇོག་པ་དང་། ལས་རིགས་ཁག་གི་མང་ཚོགས་ཁྲོད་དཔེ་སྟོན་སྣེ་ཁྲིད་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བཏོན་གནང་།
མཇུག་འགྲིལ་ཚོགས་འདུར་ཞུགས་པའི་འགོ་ཁྲིད་བློ་མཐུན་ཁྲོད་ད་དུང་། མ་ཁའེ། ཝང་ལུའུ་ཉིང་། ལིའུ་ཡན་ཏུང་། ལིའུ་ཆི་པའོ། ཞུས་ཆི་ལིའང་། སུན་ཁྲུན་ལན། སུན་ཀྲེང་ཚའེ། ལི་ཅན་གོ ལི་ཡོན་ཁྲའོ། ཝང་དབྱང་། ཀྲང་ཁྲུན་ཞན། ཧྥན་ཁྲང་ལུང་། མེང་ཅན་ཀྲུའུ། ཀྲའོ་ལེ་ཅི། ཧུའུ་ཁྲུན་ཧྭ། ལི་ཀྲན་ཧྲུའུ། ཀུའོ་ཅིན་ལུང་། ཧན་ཀྲེང་། ཀྲའོ་ཧུང་ཀྲུའུ། དབྱང་ཅིན། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲེ ཡན་ཅུན་ཆི། ཝང་ཁྲེན། ཧྲེན་ཡུའེ་ཡུའེ། ཅི་པིང་ཤོན། ཀྲང་ཕིན། བྱམས་པ་ཕུན་ཚོགས། ཨའེ་ལི་ཀེན་དབྱི་མིང་པ་ཧའེ། དབན་ཨེ་ཤང་། ཀྲང་པའོ་ཝུན། ཁྲེན་ཀྲུའུ། ཁྲང་ཝན་ཆོན། དབྱང་ཅེ་ཁྲི། ཀུའོ་ཧྲེང་ཁུན། ཝང་ཡུང་། ཀྲོའུ་ཆང་། ཚའོ་ཅན་མིང་སོགས་ཡོད།
ཀྲུང་གུང་ཀྲུང་དབྱང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་མཇུག་འགྲིལ་ཚོགས་འདུར་ཟུར་ཞུགས་གནང་། རྒྱལ་ཁབ་ཁག་གི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེ་མོ་བ་གདན་ཞུས་ལྟར་མཇུག་འགྲིལ་ཚོགས་འདུའི་ཐོག་ཟུར་ཞུགས་གནང་ནས་ཚོགས་འདུ་གསན་གནང་བ་རེད།
ཚོགས་ཆེན་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་འགྱུར་ཁུག་ཁྲོད་མཇུག་འགྲིལ་བ་རེད།