གསར་འགོད་པས་གཞུང་ཕྱོགས་ནས་ཤེས་གསལ་ལྟར་ན། 2020ལོར་སླེབས་དུས་དབུལ་ཕོངས་མི་འབོར་ཁྲི59ཁྱོན་ཡོངས་ནས་དབུལ་པོ་ལས་ཐར་བའི་དམིགས་ཚད་མངོན་འགྱུར་བྱེད་ཆེད། བོད་ལྗོངས་ཀྱིས་དུས་ཡུན་ལོ3སྤྱད་དེ་དབུལ་ཕོངས་མི་འབོར་ཁྲི26.3ས་ཆ་གཞན་དུ་གནས་སྤོ་བའི་འཆར་གཞི་བཀོད་ཡོད། གཞུང་ཕྱོགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཀྲུང་གོའི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དབུལ་ཕོངས་ས་ཁུལ་ཉག་ཅིག་ཡིན་པའི་ཆ་ནས། མིག་སྔར་བོད་ལྗོངས་སུ་ད་དུང་དབུལ་ཕོངས་མི་འབོར་ཁྲི59“རང་སའི་ཐོན་ཁུངས་ཀྱིས་རང་སའི་མི་འཚོ་སྐྱོང་མི་ཐུབ་པའི” ས་ཁུལ་དུ་འཚོ་སྡོད་བྱས་ཡོད།
ས་ཁུལ་དེ་དག་ནི་གྲང་ངར་ཆེ་བའི་ས་ཁུལ་དང་ཡུལ་ནད་མང་བའི་ས་ཁུལ། ཐོན་ཁུངས་དཀོན་པའི་ས་ཁུལ་དང་། རི་མཐོ་གྲོག་རོང་ས་ཁུལ། སྐྱེ་ཁམས་ཉམས་ཞན་ཁུལ་བཅས་སུ་གནས་པ་དང་། གནས་དེའི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་ཐོན་སྐྱེད་འཕེལ་རྒྱས་དལ་ལ། འཚོ་བའི་ཆུ་ཚད་ཅུང་དམའ་བ་དང་། དབུལ་པོའི་ཚད་གཞི་ཟབ་ཅིང་། དབུལ་ཐར་གྱི་དཀའ་ཚད་ཆེ་བ་བཅས་ཀྱིས། ངེས་པར་ས་ཆ་གཞན་དུ་གནས་སྤོ་བྱེད་པར་བརྟེན་ནས་དབུལ་ཐར་ཕྱུག་བསྒྱུར་བྱ་དགོས་པ་རེད།
མཚོ་བོད་ས་མཐོའི་སྣོད་བཅུད་ཤིན་ཏུ་ཉམས་ཞན་ཡིན། གཞུང་ཕྱོགས་ཀྱི་སྡོམ་རྩིས་ལྟར་ན། བོད་ལྗོངས་སུ“རྒྱལ་ཁབ་རིམ་པའི་གསར་སྤེལ་ཚོད་འཛིན་བྱེད་པའི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོར་མི་ཁྲི17.3འཚོ་སྡོད་བྱེད་བཞིན་ཡོད་ཅིང་། དེས་ལྗོངས་ཡོངས་ཀྱི་སྤྱིའི་མི་འབོར་གྱི5.76%ཟིན་ལ། མང་ཤོས་ཤིག་སྣོད་བཅུད་ཀྱི་ཁོར་ཡུག་ཞན་པའི་དབང་གིས་ཡོང་འབབ་ཅུང་དམའ་བ་རེད། བོད་རང་སྐྱོང་ལྗོངས་གཞུང་ཕྱོགས་ཀྱིས། ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པ་ལག་བསྟར་བྱས་ཏེ། སྣོད་བཅུད་ཀྱི་ཁོར་ཡུག་ཞན་པར་འཚོ་བའི་དབུལ་ཕོངས་མི་འབོར་རྣམས་རང་བྱུང་ཁོར་ཡུག་སྔར་ལས་བཟང་ཞིང་། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྔར་ལས་ཆ་ཚང་བ། འཚོ་བའི་ཆ་རྐྱེན་སྔར་ལས་སྟབས་བདེ་བའི་ས་ཁོངས་སུ་གནས་སྤར་ཚེ། སྐྱེ་ཁམས་འཛུགས་སྐྱོང་དང་ཡུལ་ཁམས་སྲུང་སྐྱོང་ལ་ཕན་པ་མ་ཟད།རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བྱེད་པར་ཡང་ནུས་པ་ཆེན་པོ་འདོན་ངེས་པར་སྙམ་ཡོད།
བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་འཆི་མེད་རིག་འཛིན་གྱིས་གནས་སྤོའི་གོ་རིམ་ཁྲོད་དུ་སྲིད་གཞུང་གིས་གཙོ་ཁྲིད་དང་། མང་ཚོགས་རང་མོས་ཡིན་པ་རྒྱུན་འཁྱོངས་བྱས་ཏེ།མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཁྲོམ་རའི་ཁྲིད་སྟོན་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ནས་ཐུན་མོང་གིས་ཞུགས་པ་དང་རྒྱབ་སྐྱོར་བྱེད་པའི་དུས་མཚུངས་སུ། གནས་སྤོ་མང་ཚོགས་ཀྱི་གཙོ་རྐང་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པའི་བསམ་པ་བསྟན།
མཚམས་སྦྱོར་བྱས་པ་ལྟར་ན། བོད་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཡུལ་དེའི་ཐོན་སྐྱེད་དང་འཚོ་བའི་གོམས་གཤིས་ལ་དམིགས་ནས། གྲོང་རྡལ་ཅན་གསར་གྲས་དང་སྐྱེ་ཁམས་གནས་སྤོར་ཡུལ་མི། ཞིང་ལས་མིན་པའི་ཐོན་ལས་གོང་འཕེལ་གཏོང་བ་བཅས་དང་ཟུང་འབྲེལ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་གནས་སྤོ་བཀོད་སྒྲིག་བྱེད་སྟངས་འཚོལ་ཞིབ་བྱེད་པ་དང་། ས་ཁོངས་རང་བཞིན་གྱི་བར་ཁྱད་ཅན་གྱི་ཁ་གསབ་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།
གཞན་ཡང་། བོད་ལྗོངས་ཀྱི་ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པ་ལས“དབུལ་པོའི་དུད་ཚང་གནས་སྤོ་བྱ་རྒྱུ”དང“དཀའ་ངལ་ཡོད་པའི་ཐོན་ལས་ལ་རོགས་སྐྱོར”བྱེད་པ་མཉམ་དུ་བཟུང་སྟེ། བདེ་འགོད་དང་ལས་བརྩོན་མཉམ་འཛིན་དང་། གནས་སྤོ་དང་དབུལ་ཐར་གཉིས་ལ་འགྲོས་མཉམ་ཡོང་བ། དབུལ་ཕོངས་མང་ཚོགས་གནས་སྤོ་ཐུབ་པ་དང་གནས་ཐུབ་པ།སེམས་བདེ་ལ་འབབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱ་རྒྱུ་རེད།