ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིང་བས་གྲོང་ཁྱེར་ནས་སྡོད་ཁང་ཉོ་བར་སྐུལ་མ་གཏོང་ན་དབང་ཆ་ཁ་གསལ་ཡོང་དགོས།

2016-03-24 དབང་མོ།

གསར་ལམ་ཁག་ཏུ་གནས་ཚུལ་འབྱོར་བ་ལྟར་ན། སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་ཉེ་ཆར་ས་གནས་ཀྱི་སྡོད་ཁང་དོ་དམ་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་བ་བསྡུས་ནས་ད་ལྟའི་སྡོད་ཁང་ལྷག་མ་ཚོང་ཐབས་ཀྱི་འཆར་གཞིའི་སྐོར་ལ་ཞིབ་འཇུག་བྱས་ཡོད་པ་རེད། ཞིབ་འཇུག་ཏུ་སྔར་གྱི་གྲོང་ཁྱེར་སྡོད་དམངས་ལ་རྒྱབ་སྐྱོར་བྱ་བའི་རྨང་གཞིའི་སྟེང་། གྲོང་གསེབ་ཀྱི་ཞིང་བ་དང་ཞིང་བ་ངལ་རྩོལ་བས་ཁང་བ་ཉོ་བར་རྒྱབ་སྐྱོར་བྱ་བ་གནད་དུ་འཛིན་རྒྱུ་ཡིན་ལ། རྒྱབ་སྐྱོར་བྱ་ཐབས་ཀྱང་ནོར་སྲིད་ཀྱིས་ཁ་སྣོན་དང་། ཁྲལ་འབབ་ཆག་ཡངས། སྐྱེད་ཀ་ཁ་གསབ། ཞིང་བ་སྡོད་ཁང་སྤྱི་དངུལ་གྱི་ཁྱབ་ཁོངས་ལ་བསྡུས་ནས་ཞིང་བས་དངུལ་བུན་ལེན་པར་སྟབས་བདེ་བཟོ་བ། བཤིག་སྤོའི་ཁ་གསབ་ཇེ་མཐོར་གཏོང་བ་སོགས་ཀྱི་ནང་དོན་འདུས་ཡོད་པ་རེད།

སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་སྲིད་ཇུས་འདི་འདྲ་མང་པོ་ཞིག་སྤྱད་ནས། དེང་སྐབས་ཁྲོམ་ར་ལ་ལྷག་ཡོད་པའི་སྡོད་ཁང་ཕྱིར་ཚོང་ཇེ་མགྱོགས་ལ་གཏོང་འདོད་པ་རེད། ཉེ་ཆར་ཀྲུང་དབྱང་ནོར་སྲིད་མགོ་ཁྲིད་ཚན་ཆུང་གིས་མེད་པར་བཟོ་བ་བཞི་ཞེས་པ་གཏན་འཁེལ་བའི་སྐབས་སུ། སྡོད་ཁང་ལྷག་མ་མེད་པར་བཟོ་བ་ནི་གནད་འགག་ཅིག་ལ་བརྩིས་ཡོད། སྡོད་ཁང་ཁྲོམ་རའི་བརྟན་འཇགས་ཀྱིས་དེ་འབྲེལ་གྱི་ཐོན་ལས་མང་པོ་ཞིག་ལ་ཤུགས་རྐྱེན་བཟོ་བ་མ་ཟད། སྤྱི་ཡོངས་ཀྱི་དཔལ་འབྱོར་འཕེལ་ཕྱོགས་ལའང་ཤུགས་རྐྱེན་བཟོ་བ་རེད། ང་ཚོས་གྲངས་ཀ་འགའ་ཞིག་ལ་བལྟས་ན། ད་ལོའི་ཟླ་བ་བཅུ་བའི་མཇུག་ལ་རྒྱལ་ཡོངས་སུ་བཙོང་རྒྱུར་ལྷག་པའི་ཁང་བ་རྨིད་གྲུ་བཞི་མ་དུང་ཕྱུར་དྲུག་དང་བྱེ་བ་བརྒྱད་ས་ཡ་དྲུག་འབུམ་གསུམ་ཁྲི་གཉིས་ལྷག་ཡོད་ལ། ཟླ་དགུ་བ་དང་བསྡུར་ན་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་གཉིས་ཁྲི་གཉིས་འཕར་ཡོད། འདི་ནི་བཙོང་རྒྱུར་ལྷག་པའི་ཁ་གྲངས་མཐོ་ཤོས་སུ་གྱུར་ཡོད། གལ་སྲིད་འདི་ལྟ་བུའི་སྡོད་ཁང་ལྷག་མ་བཙོང་མ་ཐུབ་པར་གསོག་ཉར་ཐེབས་པ་ཡིན་ན། ཐོན་ལས་མང་པོ་ཞིག་གི་དགོས་མཁོའི་རྣམ་པའང་ལེགས་པར་སྒྱུར་མི་ཐུབ་ལ། དཔལ་འབྱོར་སྤྱི་ཡོངས་ལ་ཆ་མཚོན་ནའང་ཚོད་འཛིན་ཐེབས་ཡོད་པ་རེད།

ཞིང་བ་ཚོ་གྲོང་ཁྱེར་དུ་ཡོང་ནས་སྡོད་ཁང་ཉོ་བར་སྐུལ་མ་བྱས་ན་སྡོད་ཁང་ཁྲོམ་ར་ལ་ཉོ་སྟོབས་གསར་བ་ཞིག་སྣོན་ཐུབ་པ་རེད། དེང་སྐབས་རྒྱལ་ཁབ་སྤྱི་ཡོངས་ཀྱི་གནས་ཚུལ་བལྟས་ན་གྲོང་ཁྱེར་རིམ་པ་དང་པོ་དང་གཉིས་པ་རུ་སྡོད་ཁང་གི་དགོས་མཁོ་ཅུང་མཐོ་བས་ལྷག་མ་མང་པོ་མེད་མོད། ལྷག་མ་མང་ཤོས་གྲོང་ཁྱེར་རིམ་པ་གསུམ་པ་དང་བཞི་བ་རུ་འདུས་ཡོད། གྲོང་ཁྱེར་རིམ་པ་གསུམ་པ་དང་བཞི་བའི་ཁང་གོང་ཡང་ཅུང་ཟད་སླ་མོ་ཡིན་པས་ཞིང་བ་མང་ཚོགས་ཀྱིས་ཁང་བ་ཉོ་ས་གཙོ་བོའང་ཆགས་ཡོད། དེའི་ཕྱིར་ཇི་ལྟར་ཞིང་བ་གྲོང་ཁྱེར་དུ་ཡོང་ནས་ཁང་བ་ཉོ་བར་སྐུལ་མ་གཏོང་བ་ནི་དེང་སྐབས་ཀྱི་སྡོད་ཁང་ལྷག་མ་བཙོང་བའི་འཆར་གཞི་འདིའི་གནད་འགག་གཅིག་ཆགས་ཡོད། འོན་ཀྱང་དེང་སྐབས་སུ་ཞིང་བས་སྡོད་ཁང་ཉོ་བར་དངུལ་རྩའི་ཕྱོགས་ནས་རོགས་སྐྱོར་བའི་ཐབས་གསལ་བོ་ཞིག་མེད་པ་དང་། ད་སྐབས་གྲོང་ཁྱེར་དུ་ཁང་བ་ཉོས་ཡོད་པའི་ཞིང་འབྲོག་མང་ཚོགས་ཡིན་ནའང་རང་གི་བསགས་དངུལ་སྤྱད་ནས་རིན་གོང་ཡོངས་རྫོགས་སྤྱད་དེ་ཉོས་པ་ལས། རོགས་སྐྱོར་གྱི་ཐབས་ལ་བརྟེན་པ་མེད། ད་དུང་གྲོང་ཁྱེར་ན་ཁང་བ་ཉོས་མེད་པའི་མང་ཚོགས་ཕལ་མོ་ཆེ་ལ་ཁང་བ་ཉོ་བའི་རྒྱུ་ཤུགས་མེད་ས་མང་ཤོས་རེད། དེའི་ཕྱིར་ཞིང་བས་གྲོང་ཁྱེར་ནས་ཁང་བ་ཉོ་བར་སྐུལ་མ་གཏོང་དགོས་ན་དངུལ་རྩའི་རོགས་རམ་བྱ་བ་ནི་གནད་འགག་ཅིག་རེད། སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་བརྗོད་པའི་སྲིད་ཇུས་ཀྱི་རོགས་རམ་དེ་དག་ཀྱང་མང་ཤོས་དངུལ་རྩའི་རོགས་སྐྱོར་ལ་གཏོགས་པ་རེད་ལ། འདི་དག་གིས་ཞིང་བ་གྲོང་ཁྱེར་དུ་ཡོང་ནས་ཁང་བ་ཉོ་འདོད་པ་ལ་སྐུལ་མ་གཏོང་ཐུབ་ངེས་རེད། འོན་ཀྱང་སྲིད་ཇུས་འདི་དག་དོན་དངོས་སུ་ལག་བསྟར་ག་འདྲ་ཐུབ་པ་ནི་དོགས་གཞི་ཞིག་རེད། དཔེར་ན་གྲོང་ཁྱེར་རིམ་པ་གསུམ་པ་དང་བཞི་བའི་ནོར་སྲིད་ཡོང་འབབ་དེ་འདྲ་མཐོན་པོ་མེད་པས། ཞིང་བ་ལ་སྡོད་ཁང་ཉོ་བའི་ཁ་གསབ་ག་ཚོད་སྤྲོད་ཐུབ་པ་ནི་དོགས་གཞི་ཞིག་རེད། ཞིང་བས་སྡོད་ཁང་གི་གོང་གཅོག་པ་སོགས་ཀྱི་ནུས་པ་མཐོན་པོ་མིན་པས་བཤིག་སྤོའི་ཁ་གསབ་ཇི་ལྟར་ཇེ་མཐོར་གཏོང་བ་དང་། ཞིང་བ་ལ་ཕན་ཁེ་མང་པོ་ཇི་ལྟར་སྤྲོད་པ་སོགས་ལའང་དེ་འབྲེལ་གྱི་བཀོད་སྒྲིག་མི་འདུག

གཞན་ཡང་ཞིང་བས་གྲོང་ཁྱེར་ནས་ཁང་བ་ཉོས་ཤིང་གྲོང་ཁྱེར་དུ་བསྡད་ནའང་། ད་དུང་སེམས་ཁུར་གྱི་གཞི་མ་མང་པོ་ཞིག་ལྷག་ཡོད། དཔེར་ན་ཁོ་ཚོ་གྲོང་ཁྱེར་ལ་གནས་སྤར་རྗེས་གྲོང་ཁྱེར་གྱི་སྡོད་དམངས་དང་མཐུན་པའི་སྤྱི་ཡི་ཞབས་ཞུ་སོགས་འདྲ་མཉམ་ངང་མ་ཐོབ་ན་གཏན་སྡོད་ཐུབ་རྒྱུ་ཧ་ཅང་དཀའ་མོ་ཞིག་རེད། དེའི་ཕྱིར་ཁང་བ་ཉོ་བའི་དམིགས་ཡུལ་ཕལ་མོ་ཆེ་ནི་ཚོང་གི་ཆེད་དང་མ་རྩ་གཏོང་བའི་ཆེད་རེད། ཁོ་ཚོས་ཕྱིས་སུ་ཁང་གོང་ཡར་འཕར་ན་ཁང་བ་བཙོང་ནས་བར་ཁེ་ངེས་ཅན་ཞིག་ལེན་འདོད་པ་རེད། འོན་ཀྱང་གྲོང་ཁྱེར་རིམ་པ་གསུམ་པ་དང་བཞི་བ་སོགས་ཀྱི་ཁང་གོང་ཡར་འཕར་ཆེན་པོ་མི་སྲིད་པ་ནི་ད་ལྟའི་གནས་བབས་ལས་ཤེས་ཐུབ། ད་དུང་གནད་འགག་ཆེན་པོ་ཞིག་ནི་གལ་སྲིད་ཞིང་བས་གྲོང་ཁྱེར་ནས་ཁང་བ་ཉོས་ཤིང་ཐེམ་ཐོ་གྲོང་ཁྱེར་ལ་སྤར་ན། སྤར་གྱི་ཞིང་སྡེའི་ཁང་ས་དང་ཞིང་ས་སོགས་ཤོར་འགྲོ་སྲིད་ན་ཞིང་བ་གྲོང་ཁྱེར་དུ་ཁང་བ་ཉོ་རུ་ཡོང་བའི་འདུན་པ་ལ་འགོག་རྐྱེན་ཆེན་པོ་ཞིག་ཡིན་ངེས་རེད།

དེའི་ཕྱིར་ང་ཚོས་གནས་ཚུལ་འདི་དག་ལ་བལྟས་ན། ཞིང་བས་གྲོང་ཁྱེར་གྱི་ཁང་བ་ཉོ་བར་སྐུལ་མ་གཏོང་བ་ལ་དངུལ་རྩའི་རོགས་རམ་ཁོ་ན་ཙམ་གྱིས་འདང་གི་མེད་ལ། ཞིང་བ་མང་པོ་གྲོང་ཁྱེར་དུ་ཁང་བ་ཉོ་རུ་ཡོང་དགོས་ན་དེ་ལ་བརྟན་འཇགས་ཀྱི་དབང་ཆ་གང་ཡོད་ཤེས་སུ་འཇུག་རྒྱུ་ཡང་མེད་དུ་མི་རུང་བ་ཞིག་རེད། དེ་ལྟར་བྱས་ན་གཞི་ནས་སྡོད་ཁང་ལྷག་མ་ཕྱིར་ཚོང་ཐུབ་ལ། སྤྱི་ཡི་ཞབས་ཞུ་ཡང་འདྲ་མཉམ་ཡོང་ངེས་ཡིན་པས། འདི་ཡིས་རིམ་བཞིན་འཛད་སྤྱོད་ཀྱི་མི་གྲངས་རྒྱ་བསྐྱེད་པར་ཡང་ཞོར་ནས་ཕན་ཐོགས་ཐུབ།

འབྲེལ་ཡོད་རྩོམ་ཡིག