ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལྗིད་ཏིག་ཏིག་གི་གྲུབ་འབྲས་འདི་བོད་ཀྱི་སློབ་གྲྭ་ཆེན་མོ་པ་རྣམས་ལ་དབང་།

2016-03-29 ཚེ་བཀྲ།
—རྒྱལ་ཡོངས་བོད་ཀྱི་སློབ་གྲྭ་ཆེན་མོ་པའི“ཀྲུང་གོའི་འདུན་མ•ང་ཡི་གདམ་ག”ཞེས་པའི་རྩོམ་ཡིག་འགྲན་བསྡུར་སྤེལ་བའི་གནས་ཚུལ་རགས་བཀོད།
        མི་ཚེའི་བགྲོད་ལམ་ནི་གདམ་ག་མང་པོའི་ཁྲོད་མདུན་དུ་བསྲིངས་པ་ཞིག་ཡིན་ལ། གདམ་ག་ནི་མི་ཞིག་གི་མི་ཚེ་ལ་མཚོན་ན་ཆེས་གལ་འགངས་ཆེ་བ་ཞིག་སྟེ། ལྷག་ཏུ་སློབ་གྲྭ་ཆེན་མོ་པ་རྣམས་ལ་མཚོན་ན་མི་ཚེའི་གདམ་ག་ཆེན་པོ་ཞིག་དང་འཕྲད་ཡོད། གདམ་ག་ཅི་འདྲ་བས་མི་ཚེ་དེ་འདྲ་བ་གྲུབ་པ་ནི་ཆོས་ཉིད་ཡིན་པས། གདམ་ག་ནི་རང་རང་སོ་སོའི་མདུན་ལམ་དང་འབྲེལ་བ་དམ་པོ་ཡོད། 《མཚོ་སྔོན་བོད་ཡིག་གསར་འགྱུར》ཁང་གིས་བསམ་ཚུལ་དེ་འདྲ་རྒྱུད་ལ་བརྣགས་ནས་ཐེངས་འདིའི་རྒྱལ་ཡོངས་བོད་ཀྱི་སློབ་གྲྭ་ཆེན་མོ་པའི“ཀྲུང་གོའི་འདུན་མ • ང་ཡི་གདམ་ག”ཞེས་པའི་རྩོམ་ཡིག་འགྲན་བསྡུར་སྤེལ་བ་ཡིན།

དཔྱད་འདེམ་ཚན་ཆུང་།
        ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་དེ2015ལོའི་ཟླ9པའི་ཚེས1ཉིན་ནས2016ལོའི་ཟླ1པའི་ཚེས31ཉིན་བར་ཏེ་བསྡོམས་པས་དུས་ཡུན་ཟླ་ངོ་ལྔ་རིང་ལ་སློབ་གྲྭ་ཆེན་མོ་ཁག་གི་དགེ་རྒན་དང་སློབ་མ་མང་པོར་ཡིག་ཐོག་བརྡ་སྦྱོར་བསྐུར་ཞིང་། གཞན་ཡང་ཨ་མདོ་བརྙན་འཕྲིན་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན། ཀྲུང་གོ་བོད་ཀྱི་དྲ་བ། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་བོད་ཡིག་གསར་འགྱུར་སོགས་བོད་ཀྱི་སྨྱན་བྱད་ཆེ་ཁག་དང་། དེ་མིན་སྐད་འཕྲིན་དང་ཟིན་ཕྲན་སོགས་ཀྱི་བར་སྟོང་དུ་བརྒྱུད་སྐུར་བྱས་ཏེ་ཀུན་ལ་རྩོམ་ཡིག་འགྲན་བསྡུར་སྤེལ་བའི་གནས་ཚུལ་ཞིབ་ཕྲ་དག་དུས་ལྟར་ཞུས་པ་ཡིན། ཟླ་ངོ་ལྔ་ལྷག་གི་རིང་དུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ། ཀན་སུའུ་མི་རིགས་དགེ་ཐོན་སློབ་གྲྭ་ཆེན་མོ། ལྷ་ས་དགེ་འོས་སློབ་གླིང་། མཚོ་སྔོན་སློབ་གྲྭ་ཆེན་མོ།ཟི་ལིང་ལས་རིགས་ལག་རྩལ་སློབ་གླིང་སོགས་སློབ་གྲྭ་ཆེ་ཁག་སོ་སོ་ནས་སློབ་མ་བརྒྱ་ལྷག་གི་རྩོམ་ཡིག་འབྱོར་བྱུང་ལ། དེ་དག་རེ་རེ་བཞིན་རྩོམ་སྒྲིག་པས་ཞིབ་ཀྱིས་བཀླགས་ཤིང་ཞུས་ཐེངས་དང་པོ་དང་གཉིས་པ། མཐའ་ཞུས་སོགས་བརྒྱུད་དེ་ནན་ཏན་ངང་རྩོམ་སྒྲིག་བྱས་ཏེ་སྤེལ་པ་ཡིན། འདིར་འབྱོར་བའི་རྩོམ་ཡིག་ཁག་ཅིག་རྗོད་བྱེད་སོགས་ཀྱི་ཐད་ནས་འབུར་དུ་ཐོན་ཡང་། འདི་གའི་རྩོམ་ཡིག་འགྲན་བསྡུར་གྱི་བླང་བྱ་དང་མི་མཐུན་པས། རྩོམ་སྒྲིག་པས་ཁ་པར་དང་གློག་རྡུལ་ཡིག་ཟམ་གྱི་ལམ་ནས་ཕ་རོལ་པོར་དུས་ཐོག་ཏུ་གསལ་བཤད་བྱས་ཏེ་རྩོམ་ཡིག་བསྐྱར་དུ་བྲིས་ནས་བསྐུར་བའི་རེ་བ་བཏོན་པ་ཡིན། ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་ནི་སློབ་གྲྭ་ཆེན་མོ་པ﹙ཞིབ་འཇུག་སློབ་མའང་འདུ﹚རྣམས་ལ་དམིགས་པ་ཡིན་པས། འགྲན་ཞུགས་པ་རྣམས་ཀྱིས་བྲིས་པའི་རྩོམ་ཡིག་དག་སྤྱིའི་ཆ་ནས་དེང་གི་སློབ་གྲྭ་ཆེན་མོ་པས་སྤྱི་ཚོགས་ཀྱི་འགྱུར་ལྡོག་སྣ་ཚོགས་ལ་གདོང་གཏོད་ཕོད་པ་དང་། མ་འོངས་པའི་གདམ་ག་དང་མདུན་ལམ་ལ་བློ་ཁ་ཕྱོགས་པའི་ནང་དོན་མངོན་པར་མཚོན་ཞིང་། བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་དུས་རབས་ཀྱི་དབྱངས་འགྲོས་དང་མཐུན་པ་སོགས་ཀྱི་དགེ་མཚན་འབུར་དུ་ཐོན་འདུག འདི་ག་ཚགས་པར་སྟེང་རྩོམ་ཡིག་འབྱོར་བའི་སྔ་གཞུག་ལྟར་བསྡོམས་པས་རྩོམ་ཡིག 53སྤེལ་ཞིང་། འགྲན་བསྡུར་དུས་ཡུན་རྫོགས་རྗེས་རྩོམ་སྒྲིག་པ་དག་གིས་ཡང་ཡང་གྲོས་མོལ་བྱས་མཐར། དྲང་བདེན་དང་འདྲ་མཉམ་ཡོང་ཆེད་སློབ་ཆེན་ཁག་གི་དགེ་རྒན་རྣམས་དཔྱད་འདེམ་པར་མ་བདམས་ཤིང་།རྩོམ་རིག་ལས་གནས་སུ་མིང་དུ་གྲགས་པའི་རྩོམ་པ་པོ་དང་དཔྱད་བརྗོད་པ། རྩོམ་སྒྲིག་པ་སོགས་མི་ལྔ་སྟེ་མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱི་ཚེ་འབར་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་གི་བཀྲ་ཤིས་དོན་གྲུབ།མཚོ་སྔོན་ཞིང་ཆེན་རིག་གནས་ཁང《བོད་ཀྱི་དམངས་སྲོལ་རིག་གནས》རྩོམ་སྒྲིག་ཁང་གི་ཚེ་རྒྱལ།མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་འགྱུར་མེད་རྡོ་རྗེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་གི་ཆོས་སྐྱོང་བཅས་ཀྱིས་གྲུབ་པའི་དཔྱད་འདེམ་ཚན་ཆུང་རྩ་འཛུགས་བྱས་ཤིང་། འདི་ག་ཚགས་པར་སྟེང་བཀོད་ཟིན་པའི་རྩོམ་ཡིག་རྣམས་དཔྱད་འདེམ་པ་ལྔ་བོའི་ལག་ཏུ་བཞག་སྟེ་ཟླ་ངོ་གཅིག་དང་ཕྱེད་ཀྱི་རིང་ལ་ཁོ་ཚོས་རང་རང་ས་ནས་ཞིབ་ཀློག་བྱས་པ་རེད།
        ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་དེ་བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་ཟུང་དུ་འབྲེལ་བ་དཔྱད་འདེམ་གྱི་ཚད་གཞི་དང་། འདྲ་མཉམ་དང་དྲང་བདེན་སྲོག་ཏུ་འཛིན་པའི་བླང་བྱ་བཏོན་པ་དང་། ཟླ3པའི་ཚེས25ཉིན་དཔྱད་འདེམ་པ་རྣམས་གནས་གཅིག་ཏུ་བཀོད་ནས་འདེམ་ཤོག་འཕངས་ཤིང་། རང་རང་གི་དཔྱད་འདེམ་གོ་རིམ་ཁྲོད་འགྲན་ཞུགས་རྩོམ་ཡིག་དག་ལ་བལྟས་པའི་མྱོང་ཚོར་དང་སྦྲགས་ནས་དཔྱད་བསྡུར་བྱས་པ་དང་། མཇུག་མཐར་དཔྱད་འདེམ་ཚན་ཆུང་གིས་རྩོམ་ཡིག་འགྲན་བསྡུར་གྱི་ཐོག་མའི་བླང་བྱ་ལྟར་བྱ་དགའ་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། གཞན་ཡང་རྟིང་སྐུལ་བྱ་དགའ་ལྔ་བཅས་བདམས་ཐོན་བྱུང་། དེ་དག་ལས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཁེར་བུའི་རྩོམ་ཡིག《ལམ་དང་ཁེར་རྐྱང་།ད་དུང་གཞན་དག》ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་བོན་སྐོར་དོན་འགྲུབ་ཚེ་རིང་གི་རྩོམ་ཡིག《ང་དང་ཨ་ཕའི་གསང་བ》དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་དབང་མདའ་ཉི་མའི《ཨ་མྱེས་ཀྱི་མཛུ་གུ་དང་བདག་གི་ཕུགས་འདུན》གཉིས་ལ་སོ་སོར་བྱ་དགའ་ཨང་གཉིས་པ་ཐོབ།  ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ལོ་བ་ཆོས་འཕེལ་གྱི་རྩོམ་ཡིག《དཔེ་ཀློག་དང་ཟིན་བྲིས》དང་ནུབ་བྱང་སློབ་གྲྭ་ཆེན་མོའི་སློབ་མ་དུར་སྲིའི་རྩོམ་ཡིག《ལམ་གྱི་དཀའ་སྡུག་དང་ལེགས་བཤད》ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་ཞོ་ར་བསམ་འགྲུབ་རྒྱལ་གྱི་རྩོམ་ཡིག《བསམ་གཞིག་གིས་བསྐྱེད་པའི་གླེང་གཞི》གསུམ་ལ་བྱ་དགའ་ཨང་གསུམ་པ་ཐོབ། དེ་མིན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཀླུ་ཚང་བྱམས་ཚེའི་རྩོམ་ཡིག《ང་ཡི་འདུན་མ།ང་ཡི་གདམ་ག》 དང་ལྷ་ས་དགེ་འོས་སློབ་གླིང་གི་སློབ་མ་ཚེ་རིང་པད་སྒྲོན་གྱི་རྩོམ་ཡིག《ང་ཡི་གདམ་ག》ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་མ་དགའ་ཅོ་རྟའི་རྩོམ་ཡིག《ང་ཡི་གདམ་ག》ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཆས་པ་རྡོ་རྗེ་ཚེ་རིང་གི་རྩོམ་ཡིག《ང་དང་ངའི་རི་མོ》 བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་ལུང་འབྲོག་རིན་ཆེན་རྒྱལ་གྱི་རྩོམ་ཡིག《ཕ་ཡུལ་གྱི་སྤྲིན་དཀར་དང་ངའི་གཏམ་རྒྱུད》བཅས་ལྔ་ལ་རྟིང་སྐུལ་བྱ་དགའ་ཐོབ་པས། ལྗིད་ཏིག་ཏིག་གི་གྲུབ་འབྲས་འདི་རྒྱལ་ཡོངས་བོད་ཀྱི་སློབ་གྲྭ་ཆེན་མོ་པ་རྣམས་ལ་དབང་ངོ་།།   
        དཔྱད་འདེམ་གནང་སྐབས་དཔྱད་འདེམ་ཚན་ཆུང་གི་ཚན་གཙོ་ཚེ་འབར་ལགས་ཀྱིས་ཐེངས་འདིའི་བྱ་དགའ་ལ་གདེང་འཇོག་མཐོན་པོ་གནང་ཞིང་། ཁོས་བྱ་འགུལ་འདི་ནི་བོད་ཀྱི་སློབ་གྲྭ་ཆེན་མོའི་རྩོམ་འབྲི་མོས་པ་སྐྱེད་སྲིང་བྱེད་པར་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཕྱིས་སུ་བྱ་འགུལ་འདི་འདྲ་སྤེལ་བའི་རེ་བ་བཏོན་པར། དཔྱད་འདེམ་པ་གཞན་རྣམས་ཀྱིས་ཀྱང་དེར་མཐུན་གྱི་བསམ་ཚུལ་བཏོན་བྱུང་།  
        ཐེངས་འདིའི་བྱ་དགའ་ཐོབ་མཁན་ཨང་དང་པོར་དམངས་སྒོར3000དང་། ཨང་གཉིས་པར་སོ་སོར་དམངས་སྒོར2000རེ། ཨང་གསུམ་པར་སོ་སོར་དམངས་སྒོར1000རེ། རྟིང་སྐུལ་བྱ་དགའ་ལ་སོ་སོར་དམངས་སྒོར500རེ་ཡོད།
        མཇུག་ཏུ་ཞུ་འདོད་པ་ནི་ང་ཚོར་རྩོམ་ཡིག་འགྲན་བསྡུར་གྱི་ཉམས་མྱོང་དབུལ་བ་དང་། རྩོམ་སྒྲིག་པའི་ཆུ་ཚད་ཞན་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་ཐེངས་འདིའི་རྒྱལ་ཡོངས་བོད་ཀྱི་སློབ་གྲྭ་ཆེན་མོ་པའི“ཀྲུང་གོའི་འདུན་མ • ང་ཡི་གདམ་ག”ཞེས་པའི་རྩོམ་ཡིག་འགྲན་བསྡུར་ཁྲོད་མ་འདང་ས་དང་མ་ཤེས་ས་ཅི་རིགས་མཆིས་སྲིད་མོད། རྗེས་མར་ང་ཚོས་ད་དུང་རྩོམ་ཡིག་འགྲན་བསྡུར་རབས་དང་རིམ་པ་སྤེལ་སྲིད་པས་སྔོན་གྱི་ཞན་ཆ་རྣམས་ཁ་གསབ་ཀྱིས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་སེམས་འདུན་དང་བཅས་གུས་པས་ཕུལ་བའོ།།
འབྲེལ་ཡོད་རྩོམ་ཡིག