མཚོ་སྔོན་བོད་ལུགས་ས་གདན།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2016ལོའི་ཀྲུང་གོའི་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་དེ་ཟླ6པའི་ཚེས2ཉིན་ནས་ཚེས6ཉིན་བར་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་འཚོག་རྒྱུ་ཐག་བཅད་འདུག སྐབས་དེར་རྒྱལ་ནང་དང་། རྒྱལ་ཕྱི་སྟེ་ཕ་ཁི་སི་ཐན། རྒྱ་གར། དབྱི་རན། བལ་བོ། ཨ་ཧྥུ་ཧན། ཐུར་ཁེ། འཇར་མན་སོགས་རྒྱལ་ཁབ་དང་ས་གནས་ཀྱི་ས་གདན་ཐོན་སྐྱེད་ཁེ་ལས་དང་། ཡོ་རོབ་དང་། འཇར་པན། ལྷོ་ཁོ་རེ་ཡ། དབུས་ཤར་ས་ཁུལ་སོགས་ཀྱི་རྒྱལ་ཁབ་དང་ས་གནས་ཀྱི་ས་གདན་ཆེད་ཉོ་བ6000ལྷག་འགྲེམ་ཚོགས་སུ་ཞུགས་རྒྱུ་རེད།
2004ལོའི་ཚུན་ལ། རང་ཞིང་གིས་མཚོ་སྔོན་གྱི་བོད་ལུགས་ས་གདན་ཐོན་ལས་བཟོ་སྐྲུན་ལ་ནུས་ཤུགས་བཏོན་ཞིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ལུགས་ས་གདན་ཐོན་ལས་དེ་འབྱུང་འགྱུར་རང་ཞིང་གི་འཕེལ་རྒྱས་གཏོང་ཡུལ་གཙོ་གནད་ཅིག་ཏུ་བཟུང་སྟེ། བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་ཀྱི་སྡིངས་ཆ་འདི་བརྒྱུད་རིམ་བཞིན་རྒྱལ་ནང་དང་རྒྱལ་ཕྱིའི་ཚོང་རའི་ཕྱོགས་སུ་རྒྱ་བསྐྱེད། ད་སྔ་མཚོ་སྔོན་བོད་གདན་ཐོན་ལས་ཀྱིས་ཟི་ལིང་ལྷོ་ཐང་བཟོ་ལས་གླིང་ལྟེ་བ་བྱས་ཏེ་རྒྱུ་ཆ་མཁོ་འདོན་དང་། ཐོན་སྐྱེད་ལས་སྣོན། ཚོང་རར་བྲིན་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་ཅན་འགྱུར་གྱི་རྣམ་པ་གཞི་རྩའི་ཐོག་གྲུབ་ཅིང་། ཞིང་ཆེན་ནང་ཁུལ་གྱི་བོད་ལུགས་ས་གདན་འཁེལ་འཐག་ཁེ་ལས་30ཉེ་བར་ཐོན་སྐྱེད་མཁོ་འདོན་བྱེད་བཞིན་ཡོད་པ་དང་། ས་གདན་གྱི་རིགས་ཆེ་ཤོས15དང་ནང་གསེས་ཀྱི་སྣ་ཁ84། རི་མོ་སྣ་ཁ་སྟོང་ལྷག་ཡོད་པ་རེད།
བོད་ལུགས་ས་གདན་འགྲེམ་ཚོགས་ཀྱི་བྱེད་སྒོ་ཆེན་པོ་འདི་གེགས་མེད་བདེ་བླག་ངང་འགྲུབ་ཆེད། རང་ཞིང་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་དང་བླངས་པ་ཧ་ལམ100དང་། མཚོ་སྔོན་མི་རིགས་སློབ་ཆེན་ནས་དང་བླངས་པ100། སྤྱི་ཚོགས་དང་བླངས་པ30བཅས་བསྡུ་རྒྱུ་རེད།