མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཀྱི་འགུལ་རིས་བརྙན་འཕྲིན་ཟློས་གར་དར་སྤེལ་ལྟེ་གནས་ནས་༢༠༡༤ལོའི་ལོ་མཇུག་ནས་བཟུང་སྒྲིག་བཟོ་གནང་མགོ་བརྩམས་པའི་ལེའུ་༢༦ཅན་གྱི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་མུ་འབྲེལ་འགུལ་རིས་བརྙན་འཕྲིན་ལས་རྟ་རྒྱུག་རྒྱལ་འཇོག་དང་ཧོར་གླིང་གཡུལ་འགྱེད་ཅེས་པའི་སྟོད་ཆ་དང་སྨད་ཆ་གཉིས་ད་ཆ་ལེགས་གྲུབ་འབྱུང་བཞིན་ཡོད་ཅིང་། ད་ལོའི་སྤྱི་ཟླ་༤པའི་ཟླ་དཀྱིལ་དུ་མཚོ་སྔོན་ནས་ཀུན་གྱི་སྤྱན་སྔར་གཟིགས་འབུལ་ཞུ་འཆར་འདུག
མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཀྱི་འགུལ་རིས་བརྙན་འཕྲིན་ཟློས་གར་དར་སྤེལ་ལྟེ་གནས་ཀྱི་འགན་འཛིན་པས་འགུལ་རིས་འདི་ལྟ་བུ་སྒྲིག་བཟོ་བྱེད་དོན་ནི། རྗེས་རབས་པ་ཚོས་གླིང་རྗེ་གེ་སར་རྒྱལ་པོའི་ཞུམ་མེད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་དང་མངོན་མིན་ཤུལ་བཞག་རིག་གནས་ལ་རྒྱུས་ལོན་ཡོང་ཆེད་ཡིན་ཞེས་གསུངས་འདུག་ལ། འགན་འཛིན་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་འགུལ་རིས་བརྙན་འཕྲིན་གྱི་ལེའུ་རེར་སྐར་མ་༢༠ཡོད་ཅིང་། སྐར་མ་གཅིག་རིང་གི་འགུལ་རིས་བརྙན་འཕྲིན་གྱི་འགྲོ་གྲོན་ལ་སྒོར་ཁྲི་༣ཙམ་བཏང་ཡོད་པ་དང་། སྒྲིག་བཟོའི་གོ་རིམ་ཁྲོད་ཡང་དང་བསྐྱར་དུ་བཟོ་བཅོས་བྱས་ཤིང་སྤུས་ལེགས་པོ་ཡོང་ཐབས་ལ་འབད་པ་གནང་འདུག
འགུལ་རིས་འདིར་དེང་གི་གསར་རྩོམ་གྱི་ཆ་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་གཉིས་ཟུང་དུ་ལྡན་ཡོད་ཅིང་། འབྲོག་པའི་གུར་དང་གྱོན་ཆས། འཚོ་བའི་ཡོ་ཆས་སོགས་སྲོལ་རྒྱུན་རིག་གནས་ཉིད་འགུལ་རིས་ཀྱི་ལམ་ནས་མཚོན་ཡོད་པ་མ་ཟད། ད་དུང་ཨ་མྱེས་རྨ་ཆེན་དང་ཁྲ་ལམ་མེར་བཞད་པའི་མེ་ཏོག་གི་ཚོམ་བུ་སོགས་རང་བྱུང་གི་ཡུལ་ལྗོངས་ཀྱང་མངོན་པར་མཚོན་ཡོད་པ་སྟེ། ཧོར་གླིང་གཡུལ་འགྱེད་ཀྱི་སྨད་ཆ་ཁོ་ནར་ཡུལ་གྱི་བཀོད་པ་མི་འདྲ་བ་རིགས་༤༠༠ལྷག་འདུས་ཡོད།
འགུལ་རིས་བརྙན་འཕྲིན་འདིའི་ལེའུ་རེ་རེའི་མི་སྣར་རང་གི་ཁྱད་ཆོས་ཐུན་མོང་མིན་པ་མངའ་བ་སྟེ། ན་སོ་གཞོན་དུས་ཀྱི་གེ་སར་རྒྱལ་པོ་ནི་རྣམ་རིག་བཀྲ་ཞིང་ལས་ལ་བརྩོན་པ་པ་དང་། ཧོར་གླིང་གཡུལ་འགྱེད་ནང་གི་གེ་སར་རྒྱལ་པོ་ནི་སྒམ་ཞིང་བརླིང་ལ་དཔའ་ངར་དང་ལྡན་པའི་ཁྱད་ཆོས་ཐོན་ཡོད། འགུལ་རིས་འདི་ལས་མཚོ་སྔོན་གྱི་འགུལ་རིས་བརྙན་འཕྲིན་ལག་རྩལ་དེ་དང་ཐོག་གི་སྟབས་བདེའི་སྒྲིག་བཟོ་ནས་ད་ལྟའི་ཞིབ་ཚགས་དང་ལྡན་པའི་བར་དར་རྒྱས་བྱུང་བའང་མཐོང་ཐུབ།
སྤྱི་ལོ་༢༠༡༣ལོ་ནས་བཟུང་། མཚོ་སྔོན་གྱིས་བསྟུད་མར་ཤེས་རིག་གི་ཉིང་བཅུད་འཚོལ་བ་ཞེས་པ་དང་། རི་དྭགས་གཙོད་སོགས་སྐད་གཉིས་འགུལ་རིས་གསར་རྩོམ་བྱས་ཏེ། ས་གནས་རང་གི་འགུལ་རིས་རིག་གནས་ཀྱི་སྟོང་ཆ་བསྐངས་ཡོད་པར་མ་ཟད། རིམ་བཞིན་བོད་སྐད་ཀྱི་འགུལ་རིས་བརྙན་འཕྲིན་གསར་རྩོམ་གྱི་མགོ་ཚུགས། འགུལ་རིས་གསར་རྩོམ་བྱེད་པ་ནི་ཧ་ཅང་དཀའ་ཁག་ལྡན་པའི་ལས་ཀ་ཞིག་སྟེ། གཏམ་རྒྱུད་ཀྱི་བརྗོད་དོན་མ་རྩོམ་དང་འགལ་མི་རུང་ལ། ད་དུང་གོ་སླ་བ་སོགས་མང་ཚོགས་རང་བཞིན་ལ་བསམ་བློ་གཏོང་དགོས་ཤིང་། སྒྲིག་བཟོའི་གོ་རིམ་རྙོག་འཛིང་ཆེ་ཞིང་འགྲོ་གྲོན་མང་པོ་དགོས་པས་གསར་རྩོམ་བྱ་རྒྱུ་དེ་ལས་སླ་པོ་ཞིག་མིན།
གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་ཀྱི་དམངས་ཁྲོད་རང་བཞིན་གྱི་རྩོམ་རིགས་གྲགས་ཅན་ཞིག་ཡིན་ཞིང་། སྒྲུང་དཔེ་མང་ཆེ་བ་ཡི་གེ་ཙམ་ཡང་མི་ཤེས་མཁན་གྱི་མིས་བློ་ཐོག་ནས་བཤད་པའམ་བབ་སྒྲུང་ཡིན་ཞིང། ད་ཆ་འཚོལ་སྒྲུབ་དང་དཔར་སྐྲུན་བྱས་ཟིན་པའི་སྒྲུང་དཔེ་ཧ་ཅང་མང་པོ་ཡོད་པ་དང་། འཛམ་གླིང་གི་དཔའ་བོའི་རྟོགས་པ་བརྗོད་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་ཤོས་སུ་གྲགས། གེ་སར་གྱི་སྒྲུང་ཡིག་ཁག་ནི་བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས་དད་མོས། སྤྱི་ཚོགས་ཀྱི་བསམ་བློ། འཚོ་བ་དང་ཡུལ་སྲོལ་གོམས་གཤིས། མི་རིགས་ཀྱི་དམངས་ཁྲོད་རྩོམ་རིག བོད་ཀྱི་སྐད་ཡིག་གི་སྒྱུ་རྩལ་བཅས་ལ་དཔྱོད་པའི་མེ་ལོང་ལྟ་བུ་ཞིག་ཡིན། གེ་སར་གྱི་སྒྲུང་ཡིག་ནང་། ཕྱོགས་བཞིའི་དགྲ་བཞི་དང་། རྫོང་ཆེན་བཅོ་བརྒྱད་སོགས་ཁ་གཏད་ཀྱི་རྒྱལ་ཕྲན་དག་དབང་དུ་བསྡུས་ཏེ་རིམ་བཞིན་སྟོབས་འབྱོར་ལྡན་པའི་གཅིག་གྱུར་གྱི་རྒྱལ་ཁམས་ཤིག་བཙུགས་པ་དང་། སངས་རྒྱས་ཀྱི་བསྟན་པ་ཕྱོགས་སུ་སྤེལ་ཚུལ་བཅས་གསལ་ཡོད།