ཀྲུང་དབྱང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་13ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཉི་ཀྲེ་རི་ཡའི་ཙུང་ཐུང་པུའུ་ཧ་ལི་དང་མཇལ་འཛོམས་གནང་འདུག
ཀྲང་ཏེ་ཅང་གིས། སྤྱི་ཚེས་12ཉིན་ཀྲུའུ་ཞི་ཞི་ཅིང་ཕིང་དང་ཙུང་ཐུང་སྐུ་ཞབས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གོང་འཕེལ་ཁྱོན་ཡོངས་ནས་འཆར་འགོད་གནང་བས། དེས་ཀྲུང་གོ་དང་ཉི་ཀྲེ་རི་ཡའི་འཐབ་ཇུས་རོགས་པའི་འབྲེལ་བར་སྒུལ་ཤུགས་གསར་པ་སྣོན་ངེས་རེད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཟོལ་མེད་དང་མཛའ་བརྩེའི་འདུ་ཤེས་དང་ཡང་དག་པའི་དོན་མཐུན་ལྟ་བའི་ཐོག་ནས་ཉི་ཀྲེ་རི་ཡ་གྲོས་ཚོགས་ཁང་དང་མཛའ་གྲོགས་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་ཐུན་མོང་ཐོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཡོ་ཧན་ཉིའུ་སི་པའོ་ཡི་དབུ་ཚོགས་གྲུབ་འབྲས་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་བར་བྱུང་བའི་གལ་ཆེའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རུལ་སུངས་ལ་ངོ་རྒོལ་དང་ཁྲིམས་འཛིན་རོགས་ལས་སོགས་ཐད་ཀྱི་ཁྲིམས་འཛུགས་ཉམས་མྱོང་སྤེལ་རེས་བྱ་ཤུགས་ཆེ་རུ་གཏོང་རྒྱུ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་འཐུས་སྒོ་ཚང་དུ་བཅས་བཏང་ནས། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད་པ་རེད།
པུའུ་ཧ་ལིས། ཉི་ཀྲེ་རི་ཡ་ཕྱོགས་ཀྱིས་ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པའི་མཉམ་ལས་འཆར་འགོད་ཆེན་པོ་བཅུའི་ནང་ཧུར་ཐག་ཞུགས་ནས། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་ལས་ཁུངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་འདོད་ཡོད་ཅེས་བསྟན་ཡོད་པ་རེད།