ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

“སོར་མོའི་འཁྱུག་འགྲོས”ཞེས་པའི་ཐང་ག་འགྲེམས་སྟོན་ཟླ་འདིའི་ཟླ་སྨད་དུ་སྤེལ་རྒྱུ་རེད།

2016-04-15 བྱུ་རུ།
        “སོར་མོའི་འཁྱུག་འགྲོས”ཞེས་པའི་ཐང་ག་རིམ་སྟར་འགྲེམས་སྟོན་དེ་འདས་པའི་ལོ་གཉིས་རིང་ཐེངས་བདུན་ལ་སྤེལ་ཞིང་། ད་ལྟ་བོད་ཀྱི་ཐང་ག་སྤུས་དག་འགྲེམས་སྟོན་བྱེད་པའི་སྤུས་རྟགས་བཟང་པོ་ཞིག་ཏུ་གྱུར་ཡོད། ད་ལོ་ནི་དགེ་སློབ་ཀྱི་བརྩམས་ཆོས་འགྲེམས་སྟོན་བྱེད་པའི་ལོ་ཡིན་ལ། ཟླ་འདིའི་ཟླ་སྨད་དུ་སྤེལ་རྒྱུ་རེད། མིག་སྔར་ནི་འགྲེམས་སྟོན་བརྩམས་ཆོས་འཚོལ་སྡུད་དང་བསྡོམས་རྩིས་བྱེད་བཞིན་པའི་སྒང་ཡིན་ལ། དེང་ཕྱིན་ལོ་རེར་བརྗོད་བྱ་གཅིག་རེ་བདམས་ཏེ་རྒྱུན་མཐུད་ངང་སྤེལ་རྒྱུ་རེད།
དཔྱད་གཞིའི་ཡིག་རིགས་རི་མོ།
        ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་ནས་ཤེས་རྟོགས་བྱུང་གསལ།“སོར་མོའི་འཁྱུག་འགྲོས”ཞེས་པའི་བོད་ཀྱི་ཐང་གའི་རྒྱུན་འཛིན་པ་དང་དགེ་སློབ་ཀྱི་བརྩམས་ཆོས་འགྲེམས་སྟོན་དེ་ཟླ4པའི་ཟླ་སྨད་དུ་སྤེལ་རྒྱུ་ཡིན་ལ། ཐེངས་འདིར་རྒྱལ་ཁབ་རིམ་པའི་ཐང་གའི་རྒྱུན་འཛིན་པ་བསྟན་པ་རབ་བརྟན་དང་ནོར་བུ་སྲི་ཐར། དེ་མིན་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་ཀརྨ་བདེ་ལེགས་བཅས་ཀྱི་ཐང་གའི་བརྩམས་ཆོས་དང་ཁོང་ཚོས་གསོ་སྐྱོང་གནང་བའི་དགེ་ཕྲུག་ཚོའི་བརྩམས་ཆོས་འགྲེམས་སྟོན་བྱ་རྒྱུ་རེད། 
        རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་འགོ་གཙོ་གཞོན་པའམ། རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ངག་དབང་བསྟན་འཛིན་གྱིས་མཚམས་སྦྱོར་གནང་དོན། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྔར་ལས་རྒྱུན་འཛིན་དང་སྲུང་སྐྱོབ་ལེགས་པོ་བྱ་ཆེད། “སོར་མོའི་འཁྱུག་འགྲོས”ཞེས་པའི་ཐང་གའི་རིམ་སྟར་འགྲེམས་སྟོན་དེ་འདས་པའི་ལོ་གཉིས་རིང་ཐེངས་བདུན་ལ་སྤེལ་བ་དང་། ད་ལྟ་བོད་ཀྱི་ཐང་ག་སྤུས་དག་འགྲེམས་སྟོན་བྱེད་པའི་སྤུས་རྟགས་བཟང་པོ་ཞིག་ཏུ་གྱུར་ཡོད། 
        རྒྱུས་ལོན་བྱུང་བ་ལྟར་ན།“འདས་པའི་ལོ་གཉིས་རིང‘སོར་མོའི་འཁྱུག་འགྲོས’ཞེས་པའི་ཐང་གའི་རིམ་སྟར་འགྲེམས་སྟོན་སྤེལ་བ་ལས་མི་རྣམས་ལ་བོད་ཀྱི་རི་མོའི་གྲུབ་མཐའ་དང་གྲུབ་མཐའ་སོ་སོའི་ཕྱག་སྲོལ་རི་མོ་འབྲི་ལུགས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་བྱུང་དུ་བཅུག དེའི་གོང་ལ་མི་རྣམས་ཀྱིས་རི་མོའི་གྲུབ་མཐའ་མི་ཤེས་ཤིང་། ཐང་ག་གང་ཞིག་ནི་གྲུབ་མཐའ་གང་ནས་ཐོན་པ་དེ་བས་ཀྱང་མི་ཤེས། ད་ལྟ་ཐང་ག་གཅིག་འགྲེམས་སྟོན་བྱས་པས་ཀྱང་ཕལ་ཆེར་ཐང་ག་དེའི་འབྱུང་རྩ་ཤེས་ཡོང་བ་རེད། རྒྱལ་ཁབ་ཀྱིས་ལོ་ལྟར་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ལ་རྒྱུན་འཛིན་གྲོན་དངུལ་སྟེར་གྱིན་ཡོད་པས། གཏན་འབེབས་ལྟར། རྒྱུན་འཛིན་པ་རེ་རེས་དགེ་ཕྲུག་གསོ་སྐྱོང་བྱེད་དགོས་པ་དང་། ང་ཚོས་ཀྱང་དགེ་སློབ་ཀྱི་བརྩམས་ཆོས་འགྲེམས་སྟོན་བྱེད་པའི་རྣམ་པ་བརྒྱུད་དེ། རྒྱུན་འཛིན་པས་དགེ་ཕྲུག་གསོ་སྐྱོང་བྱས་པའི་གནས་ཚུལ་དང་།མིག་སྔའི་རི་མོ་གྲགས་ཅན་དེ་དག་རྒྱུན་འཛིན་མཁན་པོ་སུས་བཞེངས་པ་དང་། རྒྱུན་འཛིན་མཁན་པོའི་དགེ་ཕྲུག་ཁྲོད་རིམ་པ་དང་པོའི་རི་མོ་མཁས་ཅན་དང་རིམ་པ་གཉིས་པའི་རི་མོ་མཁས་ཅན་གང་དག་ཡོད་པ། ཁོ་ཚོར་ཕུལ་བྱུང་བརྩམས་ཆོས་གང་དག་ཡོད་པ། རིམ་པ་དང་པོའི་རྒྱུན་འཛིན་པས་དགེ་ཕྲུག་འཁྲིད་པའི་གནས་བབ་ག་འདྲ་ཡིན་པ་སོགས་ལ་བལྟ་འདོད་པ་ཡིན། ད་དུང་ཐེངས་འདིའི་འགྲེམས་སྟོན་བརྒྱུད་དེ། ཐང་གའི་སྒྱུ་རྩལ་མཁས་ཅན་དང་ཐང་གའི་རྒྱུན་འཛིན་པ་སྔར་ལས་མང་བས་སློབ་མ་མང་པོ་གསོ་སྐྱོང་གནང་བར་སྐུལ་མ་གཏོང་འདོད་པ་ཡིན”ཞེས་ངག་དབང་བསྟན་འཛིན་གྱིས་བཤད་དོན། “སོར་མོའི་འཁྱུག་འགྲོས”ལས་སྔ་རྗེས་སུ་རི་མོའི་གྲུབ་མཐའ་སོ་སོའི་ཐང་ག་དང་རིམ་པ་དང་པོའི་ཐང་ག་སྒྱུ་རྩལ་མཁས་ཅན་གྱི་ཐང་ག་མཉམ་གཅིག་ཏུ་འགྲེམས་སྟོན་བྱས་ཤིང་། འདི་ལོ་ནི་དགེ་སློབ་ཀྱི་འགྲེམས་སྟོན་ཡིན་ལ། དེང་ཕྱིན་ལོ་རེར་བརྗོད་བྱ་གཅིག་བདམས་ཏེ་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན། 
        རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི“སོར་མོའི་འཁྱུག་འགྲོས”ཞེས་པའི་བོད་ཀྱི་ཐང་གའི་དགེ་སློབ་ཀྱི་བརྩམས་ཆོས་འགྲེམས་སྟོན་དེ་ཟླ4པའི་ཟླ་སྨད་དུ་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་དང་། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་)དང་བོད་ལྗོངས་ཐང་ག་གླིང་གིས་མཉམ་འབྲེལ་གྱིས་སྒྲུབ་འགན་འཁུར་རྒྱུ་ཡིན་ལ། མིག་སྔར་ནི་འགྲེམས་སྟོན་བརྩམས་ཆོས་འཚོལ་སྡུད་དང་བསྡོམས་རྩིས་བྱེད་བཞིན་པའི་སྒང་རེད།
འབྲེལ་ཡོད་རྩོམ་ཡིག