ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་གིས་ཀྲུང་གོའི་ཚན་རྩལ་སློབ་ཆེན་དུ་གཟིགས་ཞིབ་གནང་བ།

2016-04-29 དབང་མོ།

ཞིན་ཧྭ་གསར་འགྱུར་ཁང་གིས་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན་པེ་ཅིང་ནས་བསྒྲགས་པ་ལྟར་ན། ཟླ་འདིའི་ཚེས་ཉེར་དྲུག་ཉིན་ཞིས་ཅིན་ཕིང་ཀྲུང་གོའི་ཚན་རྩལ་སློབ་ཆེན་གྱི་སྔོན་ཐོན་ལག་རྩལ་ཞིབ་འཇུག་གླིང་ལ་ཕེབས་ཤིང་གསར་མཐོའི་ལག་རྩལ་ཁེ་ལས་ཀྱི་ཚན་རྩལ་གྲུབ་འབྲས་ཕྱོགས་བསྡུས་ཀྱི་འགྲེམ་སྟོན་ལ་གཟིགས་ཤིང་། རིག་ནུས་སྐད་ཆ་་དང་རིག་ནུས་འཕྲུལ་མི། ལག་ཆ་བཟོ་སྐྲུན། རྒྱུ་ཆ་གསར་བ། སྐྱེ་དངོས་སྨན་རྫས། རིག་ནུས་ཀྱི་ནུས་ཁུངས་གསར་བ་སོགས་ཀྱི་འགྲེམ་ཁུལ་ནས་སྤྱི་ཁྱབ་ཧྲུའུ་ཅི་ལགས་ཀྱིས་ཚན་རྩལ་ཞིབ་འཇུག་གི་ལས་ཁུངས་དང་ཁེ་ལས་ཀྱི་མི་སྣ་དང་གླེང་མོལ་གནང་ཞིང་། ཚན་རྩལ་ཞིབ་འཇུག་གི་འཕེལ་ཚད་དང་གྲུབ་འབྲས་བཀོད་སྒྲིག བེད་སྤྱོད་མདུན་ལམ་སོགས་ཀྱི་སྐོར་ལ་བཀའ་འདྲི་གནང་ཡོད། ཚད་རྡུལ་འཕྲིན་སྦྲེལ་གྱི་པེ་ཅིང་ནས་ཧྲང་ཧེ་བར་གྱི་བརྒྱུད་ལམ་གྱི་འཁོར་སྐྱོད་དོ་དམ་ལྷེ་བ་ནས་ཡོན་ཧྲི་ཕན་ཅན་ཝེ་ཡིས་ངོ་སྤྲོད་བྱས་པར། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཚད་རྡུལ་འཕྲིན་སྦྲེལ་གྱི་ཞིབ་འཇུག་གསར་བཏོད་ལས་ཀ་ལ་གདེང་འཇོག་ཚད་མཐོན་པོ་གནང་ཞིང་འདི་ལ་མདུན་ལམ་ཡངས་ཤིང་གལ་ཡང་ཆེན་པོ་རེད་ཅེས་གསུངས། ཁོང་གིས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་འདི་དག་ལས་ང་ཚོའི་གསར་དར་གྱི་ཐོན་ལས་འཕེལ་རྒྱས་ཕྱོགས་ལ་ལས་ཀ་བསྒྲུབས་པ་མྱུར་བ་དང་། ཤུགས་ཆེ་བ། གྲུབ་འབྲས་གསལ་བ་བཅས་ཤེས་ཐུབ་ཅེས་གསུངས་ཡོད་ལ། ཁོང་གིས་ཚན་རྩལ་ཞིབ་འཇུག་པ་ཚོ་ལ་ཧོ་ཧྥེ་ཞེས་པའི་ས་ཆ་འདི་ནི་མི་འཇོན་ཐང་ཅན་སྐྱེ་ས་ཞིག་རེད། འདི་ལྟ་བུའི་འཇོན་མི་ཕུལ་དུ་བྱུང་བ་མང་པོ་ཞིག་སྐྱེད་བསྲིང་བྱས་པས་གསར་བཏོད་ཀྱི་ཞིང་ཁམས་ཤིག་ཆགས་འདུག ཁྱེད་ཚོས་མུ་མཐུད་དུ་འབད་པ་ལྷོད་མེད་ཀྱིས་གྲུབ་འབྲས་གསར་བ་ལེན་པ་དང་། གསར་བཏོད་ལས་ཀ་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཞེས་གསུངས་ཡོད།

ཞིས་ཅིན་ཕིང་གིས་སྒོ་འབྱེད་ཀྱི་ཁྲོད་ནས་རང་བདག་གསར་བཏོད་ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན་པ།

ཞིས་ཅིན་ཕིང་གིས་ཀྲུང་གོའི་ཚན་རྩལ་སློབ་ཆེན་གྱི་སྔོན་ཐོན་ལག་རྩལ་ཞིབ་འཇུག་གླིང་ནས་ཚན་རྩལ་མི་སྣ་དང་གླེང་མོལ་གནང་སྐབས་གསར་བཏོད་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལྔའི་མགོ་མ་ཡིན། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་རྣམ་གསར་བར་འཕེལ་རྗེས་ངེས་པར་དུ་སྒུལ་ཤུགས་གསར་བས་འཕེལ་རྒྱས་གསར་བ་ལ་སྐུལ་འདེད་བྱེད་དགོས་པ་དང་། གསར་བཏོད་ལ་བརྟེན་ནས་གསར་བཏོད་ཚད་ཇེ་ཆེར་བཏང་ནས་རང་རྒྱལ་གྱི་ཐོན་ལས་རིམ་པ་འབྲིང་དང་མཐོ་བར་འཁྲིད་དགོས་ཞེས་ནན་གྱིས་བསྟན་ཡོད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་སྤྱི་འབོར་དེང་སྐབས་གཏོས་ཆེན་པོར་གྱུར་ཡོད་པས། ཚན་རྩལ་གསར་བཏོད་ཕྱི་རྒྱལ་ཁོ་ན་ལ་བརྟེན་ན་རྒྱུན་མཐུད་འཕེལ་རྒྱས་ཡོང་ཐབས་མེད། ང་ཚོས་གཡོ་འགུལ་སྤུ་ཙམ་མེད་པར་སྒོ་འབྱེད་ཀྱི་འཐབ་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ལ་སྒོ་འབྱེད་ཀྱི་ཁྲོད་ནས་ངེས་པར་དུ་རང་བདག་གསར་བཏོད་ལ་སྐུལ་འདེད་གཏོང་དགོས་བསྟན་ཡོད།

གསར་མཐོའི་ལག་རྩལ་ཁེ་ལས་ཀྱི་ཚན་རྩལ་གྲུབ་འབྲས་ཕྱོགས་བསྡུས་ཀྱིས་འགྲེམ་སྟོན་གཟིགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཚན་རྩལ་སློབ་ཆེན་གྱི་ཞོན་ཧྥེ་འགྲེམ་སྟེགས་ལ་ཕེབས། འཕྲུལ་ཆས་ཀྱི་མི་མགོ་བོ་ཟླུམ་པོ་ཅན་ཞིག་གིས་སྤྱི་ཁྱབ་ཧྲུའུ་ལགས་སྐུ་ཁམས་བདེ་ལགས་སམ། ང་ནི་འཕྲུལ་གྱི་མི་ཞའོ་མན་ཡིན། ངས་ཁྱེད་རང་ཕེབས་པར་སྔ་མོ་ནས་རེ་བས་བསྒུག་ཡོད། ང་རང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་ཁྲོད་ཞུགས་ཐུབ་པ་བྱུང་བར་དགའ་སྤྲོས་བརྟས་ཡོད་ཅེས་བཤད། འཕྲུལ་ཆས་ཀྱི་མི་ཅཱ་ཅཱ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་དང་མཇལ་བས་དགའ་པོ་བྱུང་སོང་། སྤྱི་ཁྱབ་ཧྲུའུ་ཅི་ལགས་ཉིན་རྟག་པར་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་ཞེས་བརྗོད་ཡོད། ཚན་རྩལ་ཞིབ་འཇུག་གི་འགན་འཁུར་བས་སྐད་ཆ་བསྲེ་སྦྱོར་གྱི་ལག་རྩལ་ངོ་སྤྲད་ཅིང་། ཞིས་ཅིན་ཕིང་གིས་བདེན་པར་གྲུབ་ཚད་དང་། མ་རྩ། ཚོང་གི་མདུན་ལམ་སོགས་ཀྱི་བཀའ་འདྲི་གནང། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ལག་རྩལ་འདིས་སྐད་ཆ་ལོ་ཙཱ་དང་སྐད་གཉིས་སློབ་ཁྲིད། ཕྱི་ཕྱོགས་བརྗེ་རེས་མཉམ་ལས་སོགས་ཀྱི་ཐད་ནས་གྲུབ་འབྲས་བླངས་པར་གདེང་འཇོག་གནང་ལ། གསར་དར་ཐོན་ལས་ཀྱི་འཕེལ་རྒྱས་ནི་མིག་དབང་འཕྲོག་པ་ཞིག་རེད། ཁྱེད་ཚོའི་ལས་དོན་ཉིན་རེ་ལས་ཉིན་རེར་གོང་དུ་འཕེལ་བའི་སྨོན་འདུན་ཞུས་པ་ཡིན་ཞེས་བསྟན།

ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོ་ཞིས་ཅིན་ཕིང་གིས་ཀྲུང་གོའི་ཚན་རྩལ་སློབ་ཆེན་གྱི་ཁབ་ལེན་ནུས་པ་རང་འཁོར་གྱི་ལྷན་འགུལ་གྱི་ཚོད་ལྟ་ཁང་ལ་ཕྱིན་ཞིང་ཚོད་ལྟ་ཁང་གིས་ཚད་རྡུལ་དངོས་ལུགས་ཚོད་ལྟའི་སྐོར་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་གནང་ཞིང་ཚོད་ལྟ་ཁང་གིས་ཚན་རིག་ཞིབ་འཇུག་མི་སྣ་ལ་འཚམ་འདྲིའང་གནང་ཡོད།

ཞིས་ཅིན་ཕིང་གིས་སློབ་མ་ཚོར་ཏན་ཏིག་གིས་བྱ་བ་བསྒྲུབ་པ་དང་སྤྱོད་ལམ་ཚུལ་བཞིན་དགོས་པའི་སྐུལ་མ་གནང་བ།

ཀྲུང་གོའི་ཚན་རྩལ་སློབ་ཆེན་གྱི་དཔེ་མཛོད་ཁང་གི་རང་སྦྱོང་ཁང་ནས་བཟོ་སྐྲུན་སློབ་གླིང་གི་རྒྱལ་སྲུང་སློབ་མ་ཧྲའོ་ཡུན་ཧྥེ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཡིས་མཐར་ཕྱིན་རྗེས་ཀྱི་འཆར་གཞི་བཀའ་འདྲི་གནང་བར། ཁོས་བློ་ཐག་ཆོད་པོའི་ངང་མེས་རྒྱལ་གྱི་བཀོད་སྒྲིག་བརྩི་རྒྱུ་ཡིན་ཞེས་བཤད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་མ་འོངས་པར་དམག་དཔོན་བྱེད་པའི་ཕུགས་བསམ་ཡོད་དམ་ཞེས་དྲིས་པར། ཧྲའོ་ཡུན་ཧྥེ་ཡིས་ཆེས་སྤྱིར་བཏང་བའི་སྒོ་ནས་རང་འཁྲིའི་འོས་འགན་བསྒྲུབ་ན་དེ་ཡིས་ཆོག་ཅེས་ལན་བཏབས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་བདེན་པའི་དབུ་ལྕོག་གནང་བཞིན་ཏན་ཏིག་གིས་བྱ་བ་བསྒྲུབ་པ་དང་སྤྱོད་ལམ་ཚུལ་བཞིན་བྱེད་དགོས་པའི་སྐུལ་མ་གནང་། དཔེ་མཛོད་ཁང་གིས་ཕྱི་རུ་ཐོན་སྐབས་དགེ་སློབ་སྟོང་ཕྲག་ཁ་ཤས་ལམ་གྱི་གཡས་གཡོན་དུ་འགྲེང་ཞིང་ཆར་ཟིམ་ལ་མ་ལྟོས་པར་སྤྱི་ཁྱབ་ཧྲུའུ་ཅི་ལ་སྐྱེལ་མ་བྱེད་དུ་སླེབས་ཡོད། ཞིས་ཅིན་ཕིང་གིས་ཁོང་ཚོ་ལ་ཕྱག་འཇུ་གནང་ཞིང་དགེ་སློབ་ཚོས་ཚན་རྩལ་སློབ་ཆེན་གྱི་སློབ་གཞས《འགྱུར་བ་མེད་པའི་ཤར་གྱི་རླུང་བུ》ཞེས་པ་སྐད་མཉམ་པོས་བཏང་པས་གཞས་སྒྲ་ཡུན་གྱིས་བྲག་ཅར་མཆེད་ཡོད།

ཟླ་བཞི་བའི་ཚེས་ཉེར་དྲུག་གི་ཕྱི་དྲོ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཀྲུང་གོའི་ཚན་རྩལ་སློབ་ཆེན་གྱི་དཔེ་མཛོད་ཁང་གི་རང་སྦྱོང་ཁང་ལ་ཕེབས་པར། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་བས་སློབ་མ་ཚོ་ཕྱོགས་དེ་རུ་འདུས་ཤིང་སྔ་རྗེས་རྩོད་བཞིན་ཁོང་ལ་འཚམ་འདྲི་ལུས། ཁོང་གིས་སློབ་མ་ཚོ་ལ་ཕ་ཡུལ་གང་ནས་ཡིན་པ་དང་། མི་གཅིག་པུ་ཧོ་ཧྥེ་ལ་སློབ་ཆེན་འགྲིམ་པར་ཡོང་ན་ཕ་མ་སེམས་བདེ་མིན། རྒྱལ་སྲུང་འཛིན་གྲྭ་ལ་མི་ག་ཚོད་ཡོད་པ། སློབ་བསྡུའི་སྐབས་སུ་ཁ་ཕྱོགས་གཏན་འཁེལ་ཡིན་མིན། ནུབ་ཁུལ་དུ་སློབ་སྐྱོར་ལ་ཕྱིན་པའི་མྱོང་ཚོར་ཟབ་མིན། ཞིང་སྡེའི་བྱིས་པས་སྔར་གྱི་འདུན་མ་འབོར་མི་རུང་བ། དཔེ་མཛོད་ཁང་གི་སློབ་སྦྱོང་ཀྱི་ཁོར་ཡུག་ལེགས་པོ་ཡོད་མེད། སྔ་མོར་ཡོང་ནས་སྡོད་ས་རྩོད་དགོས་མིན་སོགས་བཀའ་མོལ་སྣ་ཚོགས་གནང་ཡོད། ཁོང་གིས་འདི་ལྟར་འཁྲིས་ཀྱི་སློབ་མ་ཚོ་དང་སྤྲོ་དགའི་ངང་བཀའ་མོལ་གནང་ཞིང་། སློབ་མ་ཚོས་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཡི་བཀའ་འདྲི་དག་ལ་རེ་རེ་བཞིན་ལན་ཕུལ་ལ་རང་གི་སློབ་ཆེན་གྱི་འཚོ་བ་དང་མི་ཚེའི་དམིགས་འབེན་དང་ཕུགས་བསམ་སོགས་གླེང་ཡོད།

སློབ་མ་ཚོའི་སྐད་ཆར་ཉན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་སྔོན་ཆད་ཀྲུང་གོར་མི་གྲངས་མང་ལ་ལས་ཀ་བསྒྲུབ་མཁན་ཡང་མང་། ད་ལྟ་ཚོས་ཤེས་ལྡན་པ་མང་དུ་འཇུག་དགོས། བཟོ་སྐྲུན་ལས་རིགས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་པ་དང་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཡུལ་མངོན་དུ་འགྱུར་དགོས་ན་སློབ་གསོ་ནི་གཞི་རྩ་ཡིན། ང་ཚོར་ཀྲུང་གོས་འཛམ་གླིང་གི་སློབ་ཆེན་དྲག་གྲས་འཛུགས་པ་དང་འཛམ་གླིང་གི་འཇོན་མི་དྲག་གྲས་འཛུགས་པར་རེ་བས་བརྟས་ཡོད། ང་ཚོའི་ཁོག་རྒྱ་ཡངས་ཤིང་དང་ལེན་མཉམ་འདྲེས་བྱེད་རྒྱུ་ཡིན། བདེ་སྐྱིད་ནི་རང་བཞིན་གྱིས་འཐོབ་མི་སྲིད་པས། ཀྲུང་གོའི་མི་དམངས་ཀྱིས་དེང་གི་གྲུབ་འབྲས་འདི་འདྲ་ཞིག་བླངས་པ་ནི་བློ་ཡུལ་ལས་འདས་པ་ཞིག་རེད། དེའི་ཕྱིར་ང་ཚོས་རང་ཉིད་དམན་པར་ལྟ་མི་རུང་ལ་དེ་བཞིན་དུ་འབད་པའི་གོམ་པའང་ལྷོད་མི་རུང་། གཞོན་ནུ་ལོ་ཆུང་ཚོ་སློབ་གྲྭ་རུ་ཡོད་དུས་བློ་གཅིག་སེམས་གཅིག་གིས་ཤེས་ཡོན་སྣ་ཚོགས་ལ་སྦྱངས་ཤིང་། མེས་རྒྱལ་དང་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ལ་དྲིན་ལན་གཞལ་དགོས་པས་སློབ་སྦྱོང་བཟང་བོ་བྱེད་དགོས་ཞེས་བསྟན་ཡོད།

འབྲེལ་ཡོད་རྩོམ་ཡིག