ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་དང་གྲོས་མོལ་གནང་བ།

2016-06-22

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་ཕོ་ལན་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་མོས་མཐུན་གནང་བ།

ཟླ་6ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཝར་སོར་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་ཕོ་ལན་གྱི་སྲོལ་རྒྱུན་མཛའ་གྲོགས་དང་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ་ཀྲུང་གོ་དང་ཕོ་ལན་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོར་འདེགས་བྱེད་པ་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་བྱ་རྒྱུའི་ཐུགས་ཐག་བཅད་པ་རེད།

ཞིས་ཅིན་ཕིང་གིས་ཕོ་ལན་ནི་ཀྲུང་གོ་གསར་པ་ཁས་ལེན་དང་སྦྲགས། ཀྲུང་གོ་དང་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་མཁན་རྒྱལ་ཁབ་སྔ་ཤོས་ཀྱི་གྲས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཚུན་གྱི་ལོ་67ནང་། ཀྲུང་གོ་དང་ཕོ་ལན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་ལྷག་པར་དུ་ཀྲུང་གོ་དང་ཕོ་ལན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏན་འཁེལ་བྱས་ཚུན། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དབར་སྤེལ་རེས་བྱེད་ཚད་མང་དུ་ཕྱིན་པ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་གོང་འཕེལ་བྱུང་བ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕོ་ལན་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བར་གཅེས་འཛིན་བྱས་ཏེ་ཕོ་ལན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་དང་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་བཏང་ནས་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཆབ་སྲིད་ཁ་ཕྱོགས་སྟངས་འཛིན་བྱེད་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུ་དེ་རྒྱུན་མཐུད་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་སུ་འགྱུར་བ་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་མཚོན་བྱེད་དུ་བྱས་པའི་མཉམ་ལས་རྣམ་གྲངས་ཀྱིས་ཕྱོགས་གཉིས་པོས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་པའི་བརྒྱུད་རིམ་ནང་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཐུབ་པ་བྱས་ནས་ཀྲུང་གོ་དང་ཕོ་ལན་དབར་གྱི་ཕན་ཚུན་མཐུད་སྦྲེལ་དང་ཐོན་ནུས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། ཞིང་ལས། ལག་རྩལ་མཐོ་བའི་ཁྱབ་ཁོངས་བཅས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། མཛའ་གྲོགས་འབྲེལ་བ་བརྟན་དུ་བཏང་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་འབྲེལ་སྔར་བས་བྱེད་ཐབས་སྤྱད་དེ་མི་སྣ་འགྲོ་འོང་ཐད་སྟབས་བདེ་བསྐྲུན་དགོས་ཞེས་གསུངས་པ་རེད།

ཏུའུ་ཏས་ཀྲུའུ་ཞི་ཞིས་ཅིན་ཕིང་ཕོ་ལན་དུ་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་ཤིང་། ཕོ་ཀྲུང་དབར་གྱི་མཐོ་རིམ་སྤེལ་རེས་ཟབ་ཏུ་ཕྱིན་པ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་སྲོལ་རྒྱུན་མཛའ་གྲོགས་བཟང་པོ་ལྡན་ཡོད། ཕོ་ལན་གྱིས་ཀྲུང་གོར་ཐོབ་པའི་འཕེལ་རྒྱས་གྲུབ་འབྲས་ལ་ཡི་རངས་བྱེད་ཀྱི་ཡོད། ཕོ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྒྲོམ་གཞིའི་འོག་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་།“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལས་སྟེགས། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་བཅས་ལ་བརྟེན་ནས་ཀྲུང་གོ་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་བཏང་ནས་ཕོ་ལན་འདི་ཉིད་ཀྲུང་གོ་ཡོ་རོབ་ཏུ་བསྐྱོད་སའི་སྐར་ཁུང་དུ་འགྱུར་བ་བྱ་རྒྱུ་ཡིན། ཕོ་ལན་ཕྱོགས་ཀྱིས་ཡོ་རོབ་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་འགོ་ཁྲིད་པའི་ཐུགས་འཕྲད་གྲོས་མོལ་ཚོགས་འདུ་ཐེངས་བཅོ་བརྒྱད་པ་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཐུན་མོང་ངོས་འཛིན་གལ་ཆེན་མང་པོའི་ཐད་འདོད་མཐུན་གཅིག་གྱུར་བྱུང་ནས་ཀྲུང་གོ་དང་ཕོ་ལན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཏེ་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་དམངས་ཚོགས་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བ་མཐོར་འདེགས་བྱས་པ་ལས་བྱུང་བའི་ཕན་པ་དངོས་འབྲེལ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུའི་ཐུགས་ཐག་བཅད་པ་རེད།

ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། འདྲ་མཉམ་གྱི་ལྟ་སྟངས་བཅས་ཀྱི་ཐོག་ནས་ཕན་ཚུན་དབར་གྱི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་བྱེད་པ་དང་། མཐོ་རིམ་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འཛུགས་སྒྲིག་གཞི་དང་། སྲིད་གཞུང་སྡེ་ཚན། སྲིད་ཏང་དང་ས་གནས་དབར་གྱི་སྤེལ་རེས་བཅས་རྒྱ་ཆེར་གཏོང་བ། སྲིད་གཞུང་དབར་གྱི་སྤེལ་རེས་མཉམ་ལས་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་ཚོགས་འདུ་སོགས་ཕྱོགས་མང་རྩ་འཛུགས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་གནང་བ་རེད།

ཕྱོགས་གཉིས་པོས་རང་ཉིད་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་གཉིས་ཁེ་གཉིས་ཕན་གྱི་ཁེ་ཕན་གཅིག་མཐུན་འདུས་གྲུབ་བཏོད་དེ“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་དཔེ་སྟོན་གྱི་དོན་སྙིང་ལྡན་པའི་རྣམ་གྲངས་གལ་ཆེན་སྔ་ཙམ་ལས་འགོ་བཙུགས་ནས་སྔ་ཙམ་ཕན་འབྲས་ཐོན་པ་བྱེད་པ་དང་། ཀྲུང་གོ་དང་ཕོ་ལན་དབར་གྱི་ཕན་ཚུན་མཐུད་སྦྲེལ་དང་ཐོན་ནུས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཕྱོགས་གཉིས་པོའི་མཉམ་ལས་ཁྱབ་ཁོངས་དང་གྲུབ་འབྲས་རྒྱ་ཆེར་གཏོང་བ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དབར་ཕན་ཚུན་མ་འཇོག་བྱ་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་བྱས་ཏེ་ཞིང་ལས་དང་། དངུལ་རྩ། འཕྲིན་གཏོང་། ཁོར་ཡུག་སྲུང་སྐྱོང་། མཐོ་གསར་ལག་རྩལ། འཇིག་རྟེན་འཕུར་སྐྱོད། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་མོས་མཐུན་གནང་བ་རེད།

ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་རིག་གནས་དང་སློབ་གསོ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ས་གནས་མཉམ་ལས་ལ་ཏན་ཏིག་གི་གྲུབ་འབྲས་དེ་བས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་བ། ལུས་རྩལ་ཐད་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་མིག་དཔེ་ལྟ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་ཡུན་རིང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུའི་མོས་མཐུན་གནང་བ་རེད།

ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་འབྲེལ་མཐུད་ཐད་ཀྱི་ཡོ་རོབ་མནའ་འབྲེལ་གྱི་གྲོས་འགོ་གལ་ཆེན་ལ་བརྟེན་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་《2020ལོའི་ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི་འཐབ་ཇུས་འཆར་འགོད་》ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་ཀྱི་ཞི་བདེ་དང་། དཔལ་འབྱོར་འཕར་རྒྱུ། སྒྱུར་བཅོས། ཤེས་དཔལ་བཅས་ཀྱི་རོགས་ཟླའི་འབྲེལ་བ་ཆེན་པོ་བཞིར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་བརྒྱུད་འདི་ལོའི་ཟླ་བ་དགུ་པར་འཚོག་རྒྱུའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་ཧང་ཀྲོའུ་དབུ་ཚོགས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།

གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕོ་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་》ལ་མིང་རྟགས་བཀོད་གནང་བ་དང་འབྲེལ་《ཐུན་མོང་ཐོག་ཀྲུང་གོ་དང་ཕོ་ལན་དབར་གྱི་མཉམ་ལས་འཆར་འགོད་རྩ་གནད་རྩོམ་བཟོ་བྱ་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕོ་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་བསམ་ཤེས་དྲན་ཐོ་》དང་དེ་བཞིན་ཆ་འཕྲིན་ཐད་ཕན་ཚུན་མཐུད་སྦྲེལ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཐོན་ནུས། སློབ་གསོ། རིག་གནས། ཁྲལ་དོན། སྤུས་ཚད་ལྟ་སྐུལ་ཞིབ་བཤེར། འགག་སྒོ འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།

འབྲེལ་ཡོད་རྩོམ་ཡིག