ཟླ ༡༢ པའི་ཚེས ༢༦ཉིན། པེ་ཅིང་གི་ཏ་ཤིན་ཆུས(大兴区)རུ། རྒྱལ་སའི་གནམ་ཐང་གསར་པའི་འཛུགས་སྐྲུན་གྱི་གཞི་འདིངས་པའི་ཆོ་ག་སྤེལ་ཞིང་། ཁྱོན་སྐར་མ 10 ཙམ་གྱི་ནང་དུ་ཚར་བ་བྱས། དམངས་འགྲུལ་ཅུས་ཀྱི་འགན་ཁུར་མི་སྣས་ངོ་སྤྲད་དོན་ལ། རྒྱལ་སའི་གནམ་ཐང་གསར་པ 2019 ལོར་གྲུབ་ནས་སྤྱོད་འཆར་ཡོད་ཅིང་། སྐབས་དེར་པེ་ཅིང་གི་གནམ་ཐང་གཉིས་ཀྱིས་ལོ་རེར་འགྲུལ་པ་མི་ཐེངས་དུང་ཕྱུར 1.5 སྐྱེལ་འདྲེན་འབྱུང་བས། འཛམ་གླིང་སྟེང་འདི་འདྲ་བྱུང་མྱོང་མེད་པ་རེད། བཟོ་སྐྲུན་འདིར་སྒོར་དུང་ཕྱུར 799.8 བཏང་བ་དང་། མཁའ་གཉེར་བཟོ་སྐྲུན་ལ་དུང་ཕྱུར 41.6བཏང་།
མི་རབས་བརྒྱུད་མར་འབྲུ་རིགས་འདེབས་སའི་ས་ཞིང་ཨར་འདམ་གྱིས་ཁྱུར་མིད་བཏང་ཞིང་། ལོ་དང་ཟླ་བ་བརྒྱུད་པའི་ཁང་ཁྱིམ་ཡང་ཞག་གཅིག་གི་རིང་ལ་གར་སོང་ཆ་མེད་དུ་གྱུར། སྡེ་མི་ཚོས་བཤས་ར་དང་། ཁྲལ་མེད་ཚོང་ཁང་། གོང་མཐོ་ཐག་ཆོད་པའི་ཁོ་ཧྥེ་ཁང་ལ་ས་ཆ་འདོན་གྱི་ཡོད་མོད། ཁོ་ཚོ་དགའ་སྤྲོས་མྱོས་བསྡད་ཡོད། འདིའི་རྒྱུ་མཚན་ཡང་ཤིན་ཅ་ཨན་སྡེ་བའི་སྡེ་དམངས་ཚོར་བྱ་དགའ་ཆེན་པོ་ཐོབ་པའི་སྣང་བ་ཡོད་དེ། ཁོ་ཚོར་སྐྱིན་ཚབ་མ་དངུལ་འབོར་ཆེན་འཐོབ་ཡོང་བས། དེ་ནས་བཟུང་འཚོ་བ་སྐྱིད་པོ་རོལ་ཆོག
རྨང་འདིངས་མཛད་སྒོ་རུ་སྡེ་མི་སྟོང་ལྷག་གིས་མཐའ་སྐོར་ནས་རྨང་འདིངས་གནས་ཚུལ་ལ་ལྟ་གིན་ཡོད། ཀྲུང་གོའི་ས་ཆ་གཞན་དག་ཡིན་ན། ས་ཞིང་ལ་ལ་གནོད་པ་བསྐྱལ་བ་ཁྲིམས་འགལ་དང་དྲག་སྤྱོད། འཕྲོག་བཅོམ་འབའ་ཞིག་ཡིན་ལ། འདོན་འཚོང་བས་ཀྱང་སྐྱིན་ཚབ་ཤིན་ཏུ་ཉུང་ངུ་ལས་མི་སྟེར་བས། ཞིང་པ་རྣམས་ལ་འཚོ་རྟེན་ཡེ་ནས་མེད་པ་ཆགས་ཀྱི་ཡོད། ཡིན་ནའང་ལོ་ཁ་ཤས་གོང་། པེ་ཅིང་གིས་གནམ་ཐང་གསར་པ་འཛུགས་སྐོར་ཁྱབ་བསྒྲགས་བྱས་རྗེས། ཤིན་ཅ་ཨན་སྡེ་བའི་མི་རྣམས་ཀྱིས་འུར་ཟིང་ཟིང་དངུལ་གཡུར་ཏེ་རང་གི་སྡོད་ཁང་རྒྱ་བསྐྱེད་པ་རེད། དོན་ལ། ཁོ་ཚོས་རྒྱན་ཧ་ཅང་ཆེན་པོ་ཞིག་བཞག་ཡོད་ཅིང་། ཁང་པ་འདི་ཚོ་བཤིག་ནས་གནས་སྤོ་རྒྱུའི་ཉིན་མོར་སྒུག་བསྡད་ཡོད།
བདུན་འདིའི་སྔ་ཙམ་དུ། སྡེ་མི་རྣམས་ཀྱིས་ཚགས་ཤོག་ལས་ཁོ་ཚོའི“རྒྱན་པོ”རྒྱལ་བ་ཤེས་བྱུང་། གཞུང་གི་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། ཤིན་ཅ་ཨན་འདུས་པའི་ཏ་ཤིན་ས་ཆའི་སྡེ་བ 13 བཤིགས་ནས་སྤོ་དགོས་ཀྱི་ཡོད་འདུག
འདབས་ཀྱི་སྡེ་མི་དག་རྨང་འདིངས་སར་འདུས་འདུག གནམ་ཐང་གསར་པའི་ཆེད་མཁས་པའི་གྲོས་ཞིབ་སྔ་མ་བསྡུ་སྐབས། ཆེད་མཁས་པས་གནམ་ཐང་གསར་པ་ཡིས་བཟོས་པའི་ཁོར་ཡུག་གི་ཤུགས་རྐྱེན་ལ་ཕན་གནོད་གཉིས་ཀ་ཡོད་ཀྱི་རེད་ལ་སྤྱིའི་ཆ་ནས་རླུང་ཁམས་ཁོར་ཡུག་ལ་གནོད་པ་འདུག་ཟེར། སྐབས་དེར་ཆེད་མཁས་པས་གནམ་གྱི་གནད་དོན་དྲུག་གླེང་ཞིང་། དེའི་ནང་དུ་པེ་ཅིང་ཐེན་ཅིང་ཅིན་ཅི་ས་ཁུལ་གྱི་རླུང་ཁམས་ཀྱི་གནས་སྟངས་དེ་འདྲ་ཡག་པོ་མེད་པ་དང་། ཧྭ་པེ་ས་ཁུལ་དུ་དགུན་ལོ་ཕྱེད་ལ་ལྷོ་རླུང་ལྡང་ཤུགས་ཆེ་བས་སྦགས་བཙོག་དག་ཧི་པེ་ཡི་ལྷོ་དབུས་ནས་པེ་ཅིང་གི་གྲོང་ཁྱེར་གཙོ་བོའི་སར་སྐྱེལ་ཡོང་བས། ངོས་འདི་ནས་གནམ་ཐང་གསར་པས་སྦགས་བཙོག་དེ་ལས་མང་པ་བཟོ་སྲིད་པའི་སྐོར་སོགས་ཀྱང་འདུས་པ་རེད།(རྩོམ་འགན་པ། རྟ་མགྲིན)