ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

པར་དབང་མ་བསྲུང་ཚེ་ཚོར་མེད་དུ་རྐུན་ཇག་གི་ལས་ལ་གོམས་པར་འགྱུར།

2016-04-29 བདེ་གྲོལ།

 


        བོད་པ་ཀུན་གྱིས་ཤུགས་ཆེན་པོར་འུར་མ་ཐག་པའི་འཛམ་གླིང་དཔེ་ཀློག་གི་ཉིན་མོ་ཟེར་བ་དེ་ནི་དོན་དུ་པར་དབང་གི་ཉིན་མོའང་རེད། ཉིན་མོ་དེར་བོད་པ་མང་པོས་དེབ་ཀློག་དགོས་པར་སྐུལ་བ་ལས་པར་དབང་བསྲུང་དགོས་པ་དང་། དེབ་ཉོ་དགོས་པར་སྐུལ་མཁན་མི་འདུག


        དེ་བས་རྩོམ་དབང་དང་པར་དབང་གི་སྐོར་ནས་སྐད་ཆ་འགའ་བཤད་ན། ད་ལྟ་བོད་ལ་རིན་མེད་དུ་དེབ་ཀློག་པ་དང་དེབ་གང་ཡིན་པར་དབང་འཕྲོག་སྟེ་གློག་དེབ་ཏུ་བཟོ་བའི་སྲོལ་ཞིག་ཆགས་ཀྱིན་འདུག དེ་ཉེན་ཁ་ཆེན་པོ་རེད། དེ་ནི་ཤེས་ཡོན་པའི་ངལ་རྩོལ་གྱི་འབྲས་བུ་འཕྲོག་པ་དང་། རིམ་གྱིས་ཤེས་ཡོན་ལ་རིན་ཐང་མེད་པ་བཟོ་བའི་སྦྱོར་བ་ཞིག་རེད། དེང་འདིར་དེབ་གསར་བ་གང་ཞིག་པར་དུ་བསྐྲུན་མ་ཐག མཐོང་རྒྱ་མེད་པའི་མི་མང་པོས་དེའི་གློག་དེབ་སྐུར་རོགས་ཟེར། སྤྱིར་ཤེས་ཡོན་གྱི་རིན་ཐང་དངུལ་གྱིས་གཞལ་དགོས་པའི་ངེས་པ་མེད་ཀྱང་དངུལ་ནི་ཤེས་ཡོན་གྱི་རིན་ཐང་འཇལ་བྱེད་མང་པོའི་གྲས་ཀྱི་གཅིག་ཡིན་ལ། དངུལ་སྐར་ལི་གང་ཡང་རི་བར་མི་བྱེད་པའི་ཤེས་ཡོན་ནི་རིན་ཐང་གང་ཡང་མེད་པ་ལྟ་བུར་ཆགས་སྲིད་དོ།། དེང་སང་འཛམ་གླིང་གི་གློག་དེབ་ཚོང་ར་ཆེ་ཤོས་ཁེན་ཊོལKindleལྟ་བུར་མཚོན་ན། དེབ་གསར་ཕལ་ཆེ་བ་གློག་དེབ་ཏུ་བཟོས་ཡོད་ཀྱང་། རྩོམ་མཁན་གཤེགས་ནས་ལོ་མང་འགོར་ཏེ་པར་དབང་མི་དགོས་པ་དང་། ལོ་ཁ་ཤས་ཀྱི་སྔོན་དུ་བཙོང་ཟིན་ཏེ་བསྐྱར་པར་མི་བྱེད་པའི་དེབ་དག་ཕུད་ཕལ་ཆེ་བར་རིན་པ་སྟེར་དགོས་ཀྱིན་ཡོད། དེ་བས་བོད་པ་ཚོས་ངེས་པར་ཤེས་དགོས་པ་གཅིག་ནི། སྲང་ལ་ཟས་བཟའ་རུ་སོང་ན་ཟས་ཐུན་རེ་རེར་རིན་པ་སྤྲད་དགོས་པ་ཇི་བཞིན། བསམ་བློའི་བཟའ་མ་སྟེ་དཔེ་དེབ་དང་འོད་སྡེར། གློག་བརྙན་སོགས་ཐམས་ཅད་ལ་རིན་པ་སྟེར་བའི་གོམས་གཤིས་ཆགས་དགོས། དེ་མ་ཆགས་པ་ནི་རང་ཉིད་རྐུན་མ་དང་ཇག་པའི་ལས་ལ་གོམས་པ་ལས་གཞན་ཅི་ཡང་མིན་ནོ།།
       

འབྲེལ་ཡོད་རྩོམ་ཡིག