—《དམངས་ཕན་རིག་མཛོད》ཅེས་པའི་དཔེ་ཚོགས་པར་སྐྲུན་འགྲེམས་སྤེལ་བྱས།
གསར་འགོད་པ། ཚེ་རིང་བཀྲ་ཤིས།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཇུས་འགོད་དང་རྩོམ་སྒྲིག་བྱས་པའི་རྒྱལ་ཁབ་ཀྱི་གལ་ཆེ་བའི་དཔེ་དེབ་པར་སྐྲུན་ལས་གཞི་སྟེ།《དམངས་ཕན་རིག་མཛོད》ཅེས་པའི་དཔེ་ཚོགས་དྲུག་གི་བདག་ཉིད་ཅན་དེ་ཉེ་ཆར་ལེགས་འགྲུབ་བྱུང་སྟེ་པར་སྐྲུན་འགྲེམས་སྤེལ་བྱས། ཟླ4པའི་ཚེས27ཉིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《དམངས་ཕན་རིག་མཛོད》ཀྱི་པར་སྐྲུན་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་། འབྲེལ་ཡོད་ཆེད་མཁས་པ་དང་མགོ་ཁྲིད། རྩོམ་པ་པོ་དང་ཀློག་པ་པོའི་སྐུ་ཚབ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
《དམངས་ཕན་རིག་མཛོད》ནི་དཔེ་ཚོགས་དྲུག་གིས་གྲུབ་ཡོད་ལ། དེ་ལས《འཛམ་གླིང་གི་སློབ་གསོའི་བསྟན་བཅོས་བོད་འགྱུར་དཔེ་ཚོགས》ཁྲོད། ཁའར་ཝེ་ཐིས། མོན་ཐེ་སོ་རི། ལྕམ་ཟི་ཏྲོ་སོགས་སློབ་གསོ་པ་ཆེན་མོའི་སློབ་གསོའི་མན་ངག་གི་སྙིང་བོ་དག་བདམས་ཡོད་པ་དང་། 《འཛམ་གླིང་ཧུར་སྐྱེད་བསྟན་བཅོས་གྲགས་ཅན་བོད་འགྱུར་དཔེ་ཚོགས》ཁྲོད། ཁར་ནི་གེ ཧད་ལེཎ་ཁད་ལེར། ཇིམ་སི་འེ་ལུན་སོགས་འཛམ་གླིང་གི་རྩོམ་པ་པོ་གྲགས་ཆེན་གྱི་ཧུར་སྐྱེད་བསྟན་བཅོས་ཀྱི་སྙིང་བོ་བདམས་ཡོད། 《སྒྲུང་རིང་དཔེ་ཚོགས》ནི་བོད་ཡིག་གི་སྒྲུང་རིང་དཔེ་ཚོགས་ཐོག་མ་ཡིན་ལ། དེའི་ཁྲོད་དུ་ཚེ་རིང་དོན་གྲུབ་ཀྱི《ང་ཡི་ཨ་ཕ་གཉིས》དང་། བསྟན་ པ་ཡར་རྒྱས་ཀྱི《ཁ་སང་གི་རྨི་ལམ》སོགས་དང་། སྒྲུང་རིང་འདི་དག་གིས་ཕྱོགས་མི་འདྲ་བའི་སྒོ་ནས་ཀློག་པ་པོའི་སྤྱན་ལམ་དུ་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་དངོས་ཡོད་འཚོ་བ་གཞིར་བཟུང་ཞིང་མི་རིགས་རིག་གནས་ལ་རྒྱབ་བརྟེན་ཏེ། སྤྱི་ཚོགས་ཀྱི་འགན་འཁྲི་ངེས་ཅན་ཞིག་བཟུང་སྟེ་མི་རིགས་ཤིག་གི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་བརྩེ་དུངས་ཀྱི་དྲན་ཤེས་ལྷུག་པོར་བརྗོད་པ་དང་། དེང་རབས་ཀྱི་འདུ་ཤེས་ལ་བརྟེན་ནས་བོད་མི་རིགས་ཀྱི་སྤྱི་ཚོགས་འཚོ་བ་དང་བསམ་བློའི་སྙིང་སྟོབས་ཀྱི་གནས་སྟངས་ལ་གཟིགས་ཞིབ་གནང་བཞིན་པ་མངོན་པར་མཚོན་ཡོད། 《བུད་མེད་རྩོམ་པ་པོའི་དཔེ་ཚོགས》ཀྱང་བོད་རིགས་བུད་མེད་རྩོམ་པ་པོའི་དཔེ་ཚོགས་ཀྱི་ཐོག་མ་ཡིན། བརྩམས་ཆོས་དེ་དག་གི་བརྗོད་བྱ་མང་ཆེ་བ་ནི་བོད་ཁུལ་གྱི་དངོས་ཡོད་འཚོ་བ་ཡིན་པས། དུས་རབས་ཀྱི་ཉམས་འགྱུར་དང་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག ལྷག་པར་དུ། བོད་རིགས་བུད་མེད་རྣམས་ཀྱི་འཚོ་བའི་གནས་བབ་དང་མ་འོངས་པའི་རེ་བ། མི་ཚེའི་ལྟ་བ་དང་། གཉེན་སྒྲིག་གི་ལྟ་བ་སོགས་དྲང་བདེན་གྱི་ལམ་ནས་ཟིན་ཐོར་བཀོད་ཡོད། 《བདེ་ཐང་ཤེས་བྱའི་དཔེ་ཚོགས》ཁྲོད་རྒན་ནད་དང་རྒྱུན་མཐོང་ནད་རིགས། བྱིས་ནད་དང་མོ་ནད་སོགས་སྔོན་འགོག་དང་བདེ་སྲུང་ཇི་ལྟར་བྱེད་ཐབས། བཀོལ་བདེ་ཟས་སྨན་སོགས་ཞིང་འབྲོག་མང་ཚོགས་ལ་ངེས་པར་མཁོ་བའི་འཕྲོད་བསྟེན་བདེ་ཐང་གི་རྨང་གཞིའི་ཤེས་བྱ་འདུས་ཡོད། 《འཚོ་བའི་རྒྱུན་ཤེས་དཔེ་ཚོགས》ཁྲོད། ཞོར་ལས་པའི་ཁེ་དབང་སྲུང་སྐྱོང་དང་དེང་རབས་ཀྱི་གུས་ལུགས་རྒྱུན་ཤེས། དེང་རབས་འཚོ་བའི་རྒྱུན་ཤེས། ཁྱིམ་ཚང་གི་རྒྱུན་འཚལ་བཅོ་བའི་ཤེས་བྱ་དང་། ཞིང་འབྲོག་ས་ཁུལ་གྱི་མང་ཚོགས་དང་སློབ་མཐར་ཕྱིན་མ་ཐག་པའི་སློབ་གྲྭ་ཆེན་མོའི་སློབ་མས་ཁེ་ལས་ཆུང་བའི་རིགས་ཇི་ལྟར་གཉེར་བ། ལས་རིགས་གསེར་སྤེལ་བྱས་ཏེ་ཕྱུག་པོར་གཏོང་བ་སོགས་ཀྱི་ནང་དོན་འདུས་ཡོད།
《དམངས་ཕན་རིག་མཛོད》ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་རྒྱལ་ཁབ་ཀྱི་དམངས་ཕན་རིག་གནས་སྲིད་ཇུས་ལག་བསྟར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་དང་། འབྲོག་སྡེ་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་དཔེ་དེབ་པར་སྐྲུན་གྱི་ལས་གཞི་གལ་ཆེན་ཞིག་ཡིན། དཔེ་ཚོགས་འདི་པར་སྐྲུན་བྱས་པ་བརྒྱུད། རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་རིག་གནས་དང་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་གྲུབ་འབྲས་ནང་འདྲེན་བྱས་ཤིང་། མི་རྣམས་རིམ་བཞིན་བསམ་བློ་དང་འདུ་ཤེས་རྙིང་བའི་ཤུགས་རྐྱེན་ལས་ཐར་བར་མཛུབ་སྟོན་བྱེད་པ་དང་། རིན་ཐང་གི་ཁ་ཕྱོགས་དང་བསམ་བློའི་འདུ་ཤེས། འཚོ་བའི་རྣམ་པ་སོགས་ཀྱི་ཐད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་བླང་བྱ་དང་འཚམ་ལ། དུས་རབས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་མཉམ་པ། ཚན་རིག་ལ་ཡིད་ཆེས་པ་དང་། ཚན་རིག་སློབ་པ། ཚན་རིག་བཀོལ་བའི་གོམས་སྲོལ་གསར་བ་གསོ་སྐྱོང་བྱེད་པ་དང་། བསམ་བློ་གསར་བ་དང་འདུ་ཤེས་གསར་བ། གོམས་སྲོལ་གསར་བ་བཞེངས་སྐྲུན་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་མདུན་སྐྱོད། མི་དམངས་བདེ་སྐྱིད་ལ་ཕན་པའི་བློ་སྟོབས་བསྐྱེད་པར་ནུས་པ་ངེས་ཅན་གདོན་པ་དང་། དེ་དང་ལྷན་དུ། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེ་བའི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ་དང་། བོད་ཁུལ་གྱི་དམངས་ཕན་རིག་གནས་འཛུགས་སྐྲུན་དར་སྤེལ་དུ་གཏོང་བར་ནུས་པ་གལ་ཆེན་གདོན་པར་བྱེད་པའོ། །
《དམངས་ཕན་རིག་མཛོད》པར་སྐྲུན་བགྲེམས་སྤེལ་བྱས་རྗེས། རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་དང་། དེའི་ཁྲོད་ཀྱི་དཔེ་ཚོགས་ལ་ལ་ཞིག་ཐེངས་གསུམ་ལ་བསྐྱར་དཔར་བྱས་ཤིང་། 《སྒྲུང་རིང་དཔེ་ཚོགས》ཞེས་པ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་སྤེལ་བའི་སྐབས་གསུམ་པའི་རྒྱལ་ཡོངས་ལ་ངོ་སྤྲོད་བྱེད་པའི་ཕུལ་དུ་བྱུང་བའི་མི་རིགས་དཔེ་དེབ་བརྒྱ་ཡི་ཁྲོད་དུ་བདམས་པ་དང་། སྒྲུང་རིང《ཆུ་མིག་དགུ་སྒྲིལ》ཞེས་པ་ཀྲུང་གོའི་རིག་རྩལ་གསར་རྩོམ་སྤུས་ལེགས་པར་སྐྲུན་ལས་གཞིའི་ཁྲོད་དུ་བདམས་ཡོད།