དངོས་བཤུས་གློག་བརྙན«དཀོན་མཆོག་སྒྲོལ་མར»གྷ་ན་གློག་བརྙན་དུས་ཆེན་སྟེང་གདེང་འཇོག་ཆེན་པོ་ཐོབ་པ།
དངོས་བཤུས་གློག་བརྙན«དཀོན་མཆོག་སྒྲོལ་མ»ཡི་གཙོ་འཁྲབ་པ་དཀོན་མཆོག་དང་འབྲེལ་ཡོད་ལས་བྱེད་མི་སྣ།
ཕ་ཡུལ་མདངས་མ་ཡལ་བའི་བོད་རིགས་བུ་མོ་དཀོན་མཆོག
ཉེ་ཆར། དངོས་བཤུས་གློག་བརྙན«དཀོན་མཆོག་སྒྲོལ་མ»སྐབས་རེ་དགུ་བའི་གྷ་ནཱ་གློག་བརྙན་དུས་ཆེན་དུ་གཟིགས་འབུལ་གནང་ཞིང་། གློག་བརྙན་གྱི་གཙོ་འཁྲབ་པས་རྨི་ལམ་བསྙེག་པའི་གཏམ་རྒྱུད་དེས་མི་མང་པོར་སེམས་འགུག་ཐེབས་སུ་བཅུག་པ་མ་ཟད། དཔྱད་འདེམ་པ་དང་ཕྱོགས་སོ་སོའི་སྐུ་མགྲོན་ཡོངས་ཀྱི་གདེང་འཇོག་ཆེན་པོ་ཐོབ།
དངོས་བྲིས་གློག་བརྙན«དཀོན་མཆོག་སྒྲོལ་མ»ཞེས་པའི་གཙོ་འཁྲབ་པ་དཀོན་མཆོག་ནི་ཀྲུང་གོའི་སི་ཁྲོན་ཞིང་ཆེན་རྔ་བ་ནས་འཚར་ལོངས་བྱུང་ཞིང་། ཆུང་དུས་ནས་ཕ་མ་དང་ལྷན་དུ་ཕྱུགས་རིགས་འཚོ་སྐྱོང་བྱས་ཤིང་གླུ་གཞས་ལེན་པར་ཤིན་ཏུ་དགའ། ནར་སོན་རྗེས་ཁོ་མོ་གཅིག་པུ་པེ་ཅིང་དུ་རང་ཉིད་ཀྱི་རྨི་ལམ་འཚོལ་དུ་ཕྱིན་པ་དང་། ཐོག་མར་རང་ཉིད་ཀྱི་ཕུགས་འདུན་དང་འཚོ་བའི་ཐད་ནས་དཀའ་ཁག་གང་མང་ལ་འཕྲད་ཀྱང་མཐའ་གཅིག་ཏུ་བོད་སྐད་ཀྱི་གླུ་གཞས་ལེན་པར་འབད་པ་ལྷོད་མེད་བྱས་ཏེ་གཞི་ནས་ལྷད་མེད་ཀྱི་འདུན་མའི་ལམ་སྣེ་ཟིན་པ་རེད། གྷ་ནཱའི་དཔྱད་འདེམ་པ་སྟེ་ཧྥ་རན་སིའི་གློག་བརྙན་དུས་ཆེན་གྱི་ཀྲུའུ་ཞི་མཱ་ཁི་ཡིས་གློག་བརྙན«དཀོན་མཆོག་སྒྲོལ་མ»ཞེས་པར་གཟིགས་རྗེས་གཙོ་འཁྲབ་པ་དཀོན་མཆོག་གིས་ཁོའི་ཡིད་ཀྱི་དང་བ་དབང་མེད་དུ་བཀུགས་པས་སེམས་འགུལ་ཆེན་པོ་ཐེབས་ཞོར་གློག་བརྙན་ལ་གཟེངས་བསྟོད་ཆེན་པོ་གནང་། དེའི་རྗེས་སི་རི་ལན་ཁའི་གློག་བརྙན་པ་མི་སྐོར་ཞིག་གིས་ཆེད་དུ«དཀོན་མཆོག་སྒྲོལ་མ»ཞེས་པའི་གློག་བརྙན་ཚན་ཆུང་བཙལ་ཡོང་བ་དང«ལམ་ཁའི་གསོལ་ཇ»ཞེས་པའི་གློག་བརྙན་གྱི་སྒྲིག་བཟོ་བ་ཏན་ཙོ་ལུང་གིས་ཁོ་ཚོའི་ཀུང་ཟིས་མ་དངུལ་གཏོང་བ་དང་ཀྲུང་གོར་མཉམ་འབྲེལ་སྒོས་གཏམ་རྒྱུད་འདི་གློག་བརྙན་དུ་ཕབ་སྟེ་སྔར་ལས་ལྷག་པའི་ལྟ་མཁན་མང་པོར་ཤུགས་རྐྱེན་ཐེབས་པར་བྱས་ཆོག་པའི་བསམ་ཚུལ་བཏོན།
ཧྥ་རན་སིར་མིང་དུ་གྲགས་པའི་གློག་བརྙན་འཁྲབ་ཁྲིད་པ་མུ་ལིར་ཧྥེ་ལི་ཕུ་ཡང་གློག་བརྙན«དཀོན་མཆོག་སྒྲོལ་མ»ཞེས་པས་ཡིད་སེམས་བཀུགས་ཏེ་ཆེད་དུ་གློག་བརྙན་ཚན་ཆུང་གི་ཚོགས་མི་དང་ལྷན་དུ་དགོང་ཟས་ལ་རོལ་བ་དང་། དཀོན་མཆོག་གིས་གླུ་གཞས་བླངས་པར་མུ་ལིར་གྱིས་བསྟོད་པ་ཚད་མེད་གནང་། ཁོ་རང་བོད་ཀྱི་གཏམ་རྒྱུད་ལ་ངོ་མཚར་དང་དགའ་སྤྲོ་སྐྱེས་ཤིང་མ་འོངས་པར་ཁོས་རང་གི་ནུས་ཤུགས་གང་ཡོད་བཏོན་ཏེ་བོད་རིགས་བརྗོད་དོན་དུ་བྱས་པའི་གློག་བརྙན་ཞིག་ཕབ་སྲིད་ཟེར།
རྒྱུས་ལོན་པ་ལྟར་ན། གྷ་ནཱའི་བྱ་འགུལ་མཇུག་སྒྲིལ་རྗེས་ཁོ་མོ་འཁྲབ་ཁྲིད་པ་དང་འགྲོགས་ཏེ་དབྱིན་ཇིའི་ལུན་ཏུན་རྒྱ་སྐད་བརྙན་གཟུགས་སྒྱུ་རྩལ་དུས་ཆེན་དུ་ཞུགས། གློག་བརྙན་དུས་ཆེན་འདི་ནི་ལུན་ཏུན་སློབ་ཆེན་རྒྱལ་པོའི་སློབ་གླིང་དང་དབྱིན་ཇི་གློག་བརྙན་སློབ་ཚོགས་ཀྱིས་ལྷོ་འགྲམ་ལྟེ་གནས་སུ་སྤེལ་བ་དང་། གློག་བརྙན«དཀོན་མཆོག་སྒྲོལ་མ»ཡང་སྟབས་ལེགས་པའི་ངང་དངོས་བྲིས་གློག་བརྙན་གཙོ་འགྲན་སྡེ་ཚན་དུ་ཚུད་པ་མ་ཟད་ཕུལ་བྱུང་གློག་བརྙན་ཁྲོད་ཚུད་རྒྱུའི་གོ་སྐབས་གནང་བ་རེད།།