ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

《བྱིས་པ་རྣམས་ལ་ཕུལ་བའི་སྙན་ངག》

2015-06-01 ཟླ་བ།
   དེ་ཡང་བྱིས་སྒྲུང་ཡག་པོ《རྒྱལ་སྲས་ཆུང་ཆུང》ལས་གསུངས་པ་ཇི་བཞིན།    ལོ་ན་སོན་པའི་མི་དར་མ་ཕལ་མོ་ཆེ་ནི་འཇིག་རྟེན་གྱི་འདུ་འཛི་དང་ཟང་ཟིང་།    འཚོ་བའི་ཡོ་ལང་།   དགའ་སྐྱོ་དང་ཆགས་སྡང་ལ་སོགས་པའི་དབང་དུ་གྱུར་ཏེ་འཚོ་བ་གསོག་གསོབ་དང་།   ངལ་ཞིང་དུབ་པ།   རེ་བས་སྟོང་བ།   ཅི་ལའང་སྙིང་པོས་དབེན་པ།   འཚོ་ཚིས་ལ་འབད་པ་འབའ་ཞིག་ཏུ་བྱེད་པ་སོགས་ཀྱི་བརྟུལ་ཞུགས་ཁོ་ན་སྐྱོང་བ་ཧ་ལམ་ཡིན་མོད།   རྒྱལ་སྲས་ཆུང་ཆུང་དེ་དང་འདྲ་བའི་འཇིག་རྟེན་ཁམས་ཀྱི་བྱིས་པ་མཐའ་དག་ནི་རིག་པ་རྒོད་ཅིང་།  བློ་མཚར་པོ་འཛིན་པ།    ཟོལ་དང་གཡོ་ཡིས་མ་གོས་པ།    དོན་ཆུང་ངུ་ཙམ་ལའང་སྙིང་པོས་ཕྱུག་པར་བྱེད་པ་ཞིག་ཏུ་ཀུན་གྱིས་མཐོང་བའོ།  །དེས་ན་བྱིས་པ་རྣམས་ལ་ཕུལ་བའི་སྙན་ངག་དག་ཀྱང་ཚིག་གོ་བདེ་ཞིང་ཁ་གསལ་བས་བྱིས་པ་རྣམས་ཀྱིས་གོ་སླ་བ་དང་།    དོན་འཛིན་བདེ་བ་ཞིག་དང་།   བརྩེ་བ་དྭངས་ཤིང་ཟོལ་དང་བྲལ་བ།    ར་རིའི་དྲི་ཡིས་བྲལ་བ་ཞིག་ཏུ་ངེས་ཤིང་།    དེ་ནི་ཁོ་བོས་གཤམ་གྱི་ངོ་སྤྲོད་བྱ་རྒྱུའི་དེབ་འདིར་བཏུས་པའི་སྙན་ངག་དག་གི་ཁྱད་ཆོས་ཀྱང་ངོ་། །
   ཤོག་ལྷེ248ཀྱི་བདག་ཉིད་ཅན་གྱི་དེབ《བྱིས་པ་རྣམས་ལ་ཕུལ་བའི་སྙན་ངག》ཅེས་པ་འདི་ནི་ད་ཆ་ཧོང་ཀོང་སོགས་སུ་གནས་བཅས་ཡོད་པའི་རྒྱའི་སྙན་ངག་གྲགས་ཅན་པེ་ཏོ(北岛)ལགས་ཀྱིས།    འཛམ་གླིང་ཟླུམ་པོའི་ཁྱོན་གྱི་རྒྱལ་ཁབ་མི་འདྲ་བ་ནས་ཡིན་པའི་སྙན་ངག་པ57གྱི་ཉམས་དང་འགྱུར་བ་མི་འདྲ་བའི་སྙན་ངག101ལྷག་ཕྱོགས་གཅིག་ཏུ་བདམས་པའི་རྒྱ་ཡིག་གི་དེབ་ཅིག་ཡིན་ཅིང་།  བདམས་པའི་སྙན་ངག་དག་ཚིག་གི་སྒྱུ་རྩལ་དང་དོན་གྱི་སྙིང་པོ་གང་གི་ཆ་ནས་ཀྱང་།  སྙན་ངག་ལེགས་པོ་བློ་གྲོས་དང་ལྡན་ཅིང་ཤེས་རབ་ཀྱིས་ཕྱུག་པ།  སྐྱེ་བོ་དར་མ་ཙམ་མ་ཡིན་པར་བྱིས་པ་དག་ལའང་ཤིན་ཏུ་ནས་འཚམ་པ་རྐྱང་རྐྱང་ཡིན་པའི་ཕྱིར།  རྒྱ་ཡིག་གི་ལམ་ནས་སྙན་ངག་ཀློག་འདོད་པའི་བོད་པའི་ཀློག་པ་པོ་དག་ལའང་ལྗགས་ཕྱེ་ཞིག་ཏུ་མི་འགྱུར་བ་མི་སྲིད།   མ་ཟད་དེབ་འདི་ལIPhoneདངAndriodགཉིས་ཀའི་ལམ་ནསAppཡང་གསར་དུ་བཟོས་ཡོད་པས་ཀློག་མཁན་དག་གིས་ཁ་པར་བརྒྱུད་ནས་སྙན་ངག་དེ་དག་གི་རྒྱ་འགྱུར་ལ་ཉམས་སུ་མྱང་ཆོག་ཅིང་།   གཅིག་བྱས་ན་ཁྱེད་ཅག་གིས་དེབ་འདི་བཀླག་པ་ལས།  ཨ་རིའི་སྐྱེས་མ་སྙན་ངག་པ་གྲགས་ཅན་སེལ་བི་ཡ་ཕུ་ལ་སི(Sylvia Plath,1932-1963)ཡི་སྙན་ངག《བྱིས་པ》ཞེས་པ་ལས།   “ཁྱེད་ཀྱི་མིག་ཟུང་དྭངས་མོ་ནི་ཆོས་ཤིན་ཏུ་ནས་ཡིད་དུ་འོང་བ་དེ་ཁོ་ན་རང་ངོ”ཞེས་པའི་ཚིག་རྐང་དེ་དྲན་པར་ངེས།
   དེབ་དེ་རུ་འཛམ་གླིང་ཧྲིལ་པོའི་སྙན་ངག་པའི་སྡེ་རུ་སྐད་གྲགས་ཀྱིས་ཆོད་པའི་སྙན་ངག་པ་ཤིན་ཏུ་མང་པོ་ཞིག་བདམས་ཡོད་པ་སྟེ།   ཚབ་མཚོན་དུ་བགྲང་རུང་བ་དཔེར་ན་དབྱིན་ཇིའི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་ཐོག་མ་རུ་འབོད་པའི་ཝིལ་ལིམ་པུ་ལཱ་ཁེ(William Blake,1757-1827)དང་།    འཇར་མན་གྱི་གནའ་རབས་འཆར་ཡན་ལུགས་ཀྱི་སྔོན་བྱོན་སྙན་ངག་པ་རུ་མཐོང་བའི་ཧོལ་ཏེར་ལིན(Hölderlin,1770-1843)།     ཨེར་ལན་གྱི་སྙན་ངག་པ་དང་འཁྲབ་གཞུང་རྩོམ་པ་པོ་ཆེན་མོ་ཡེ་ཚི(W. B. Yeats,1865-1939)།    ཨོ་སི་ཐྲི་ཡའི་འཇར་མན་སྐད་ཀྱི་སྙན་ངག་པ་ཆེན་མོ་རིལ་ཁེ(R. M. Rilke,1875-1926)།    རྒྱ་གར་གྱི་སྙན་ངག་མཁན་པོ་ཇོ་བོ་ཉི་དབང་མགོན་པོ(1861-1941)།    ཕོར་ཐི་གལ་གྱི་སྙན་ངག་པ་གྲགས་ཅན་ཧྥེར་ནཱན་ཏོ་ཕེ་སོ་ཨ(Fernando Pessoa,1888-1935)།    ཧྥ་རན་སིའི་སྙན་ངག་གྲགས་ཅན་ཨ་ཕོལ་ལི་ནེར(1880-1918)།    ཨུ་རུ་སུའི་སྐྱེས་མ་སྙན་ངག་པ་དང་སྒྲུང་གཏམ་པ་ཚི་ཝི་ཐ་ཡེ་ཝ(1892-1941)།    ཧྥིན་ལན་གྱི་སུའེ་ཏེན་གྱི་ཡི་གེའི་ལམ་གྱི་སྐྱེས་མ་སྙན་ངག་པ་གྲགས་ཅན་སོ་ཏེར་གི་རན(Södergran,1892-1923)།    ཕེ་རོ་ཡི་དེང་རབས་སྙན་ངག་པ་གྲགས་ཅན་ཝ་ལེ་ཧོ(Cesar vallejo,1892-1938)།   དུས་རབས་ཉི་ཤུ་པའི་སི་ཕན་གྱི་སྙན་ངག་མཁན་ཆེན་མོ་ལོར་ཁཱ(F. G. Lorca,1898-1936)།   ཨ་རྒྱིན་ཐེན་གྱི་སྙན་ངག་པ་དང་སྒྲུང་གཏམ་པ་ཆེན་མོ་པོར་ཧེ་ཟི(J. L. Borges,1899-1986)།   ཆི་ལི་ཡི་སྙན་ངག་པ་ཆེན་མོ་ནེ་རུ་ཏཱ(Pablo Neruda,1904-1973)།   འཇར་པན་གྱི་སྙན་ངག་པ་དང་ལོ་ཙཱ་བ་གྲགས་ཅན་ཤོན་ཐ་རོ་ཐ་ཉི་ཁ་ཝ(Shuntarou Tanikawa,1931-)ལ་སོགས་པའི་སྙན་ངག་བདམས་ཡོད།
   ལར་དེབ་ཀྱི་ཁ་བྱང་ལ《བྱིས་པ་རྣམས་ལ་ཕུལ་བའི་སྙན་ངག》ཅེས་བཏགས་མཆིས་ནའང་།   བྱིས་པ་ཙམ་མ་ཟད་དར་མ་དག་གིས་ཀྱང་ཀློག་རི་བ།  ཕྱི་མ་དག་དེ་བས་ཀྱང་འཚོ་བའི་ཟང་ཟིང་དང་།   འདུ་འཛིའི་ཡོ་ལང་།   ཚོར་བ་ཉམས་པ།  ཤེས་པ་རྟུལ་བའི་ངང་ཚུལ་ལས་སྐྱོབ་པར་བྱེད་པའི་སྙན་ཚིག་གི་ཕྲེང་བ་དག་བཏུས་ཡོད་པ་སྟེ།    དཔེར་ན།

རྡུལ་གཅིག་ལས་ནི་འཇིག་རྟེན་མཐོང་། །
མེ་ཏོག་ཅིག་ལས་དག་ཞིང་རྙེད། །
མཐའ་བྲལ་ཉིད་ཀྱི་ལག་ནང་བཞག །
ཇི་སྲིད་སེ་གོལ་ཙམ་ལ་ཉར། །ལྟ་བུ་པུ་ལཱ་ཁེ་ཡི་སྙན་ངག་དང་།  

དྲན་པ་བརྗེད་པ་ཡིན་འཚལ་ན། །
ཁོ་བོས་ཅི་ཡང་དྲན་མི་བྱ། །
བརྗེད་པ་དྲན་པ་ཡིན་འཚལ་ན། །
ཁོ་བོ་བརྗེད་པ་ལས་མི་བྱ། །ཞེས་བྱ་བ་ཏིས་ཁེན་སིན་གྱི་སྙན་ཚིག་དང་།  

ཁྱོད་རང་དགའ་བར་མི་བྱེད་པའི། །
ཉི་མ་ཐམས་ཅད་ཁྱོད་ཀྱི་མིན། །
ཆུད་དུ་ཟོས་གྱུར་ཁྱོད་རང་ནི། །
དགའ་བ་མེད་པ་དེ་སྲིད་དུ། །
གནས་པ་ནམ་ཡང་སྲིད་མ་ཡིན། །ཞེས་པ་ཕེ་སོ་ཨ་ཡི་སྙན་ཚིག་དང་།   

ང་རང་གིས་ནི་དེ་རིང་གི། །
རབ་ཁ་འདི་ལས་ཇི་ལྟ་བུར། །
སང་གི་དེ་ལ་མཆོང་མི་ཤེས། །
གཙང་པོ་རབ་མེད་འདི་ཡིས་ནི། །
དེ་རིང་ཕྱི་དྲོའི་དུས་ཚོད་འདི། །
རྒྱ་མཚོ་མཐའ་མེད་ཅིག་ཏུ་ཁྲིད། །ཅེས་པ་ལྟ་བུ་ཞི་མེ་ཉི་སི་སྙན་ཚིག་དང་།   

ང་ཡི་གྲོང་ཁྱེར་སྨག་རུམ་མཐུག་པོས་གཡོགས། །
ང་རང་ཁང་མོག་བསྐྱུར་ཏེ་རྒྱ་སྲང་མྱུལ། །
སྐྱེ་བོ་དག་གིས་ཆུང་མ་བུ་མོ་དྲན། །
ང་ཡིས་མཚན་མོ་འབའ་ཞིག་དྲན་པར་སོས། །ཞེས་ཚི་ཝི་ཐ་ཡེ་ཝ་ཡི་སྙན་ཚིག་ལ་སོགས་པ་ལྟ་བུའོ། །
   དེ་བས་ན།   བྱིས་སྒྲུང《རྒྱལ་སྲས་ཆུང་ཆུང》གི་དབུ་ཡི་འབུལ་བྱང་དུ་དེ་ནི“སྐུ་ན་ཤིན་ཏུ་ཕྲ་བའི་དུས་ཀྱི་ཁྱེད་རང་ལ་ཕུལ་བའོ”ཞེས་འཁོད་པ་ནང་བཞིན།  སྙན་ངག་བདམས་དེབ་འདིར་བཏུས་པའི་སྙན་ངག་གི་ཕྲེང་བ་འདི་དག་ཀྱང་།  ད་ལྟར་བྱིས་པའི་ན་སོ་ལོན་པ་དག་འབའ་ཞིག་ལ་མིན་པར།   ད་ལྟ་ལོ་ན་གཞོན་པར་གྱུར་རམ།    དར་མའམ།    རྒས་པར་གྱུར་པ་གང་ཡིན་ཀྱང་།  སེམས་ཀྱི་ན་སོ་ནི་ད་དུང་ཡང་གཞོན་པར་མ་གྱུར།    མ་དར་མ་རྒས་པར།    དྲི་མ་དང་ཡོངས་སུ་བྲལ་བ།    བརྩེ་བ་དང་བྱམས་ཀྱིས་ཕྱུག་པ།    གཡོ་དང་ཟོལ་གྱིས་སྟོང་བ་བྱིས་པ་ལྟ་བུ་ཞིག་ཡིན་པ་ཁྱེད་ཅག་ཐམས་ཅད་ལ་ཕུལ་བའང་ཏན་ཏན་ཡིན་པར་ངེས་ཤིང་།    པེ་ཏོ་ལགས་ཀྱིས་སྙན་ངག་གི་དེབ་འདི་འདྲ་ཞིག་བསྒྲིགས་དོན་ཀྱང་དེ་ལ་བརྟེན་ནས་དེང་རབས་ཀྱི་འཚོ་བ་བྲེལ་རྟབ་ཆེ་ཞིང་གསོག་གསོབ་ཀྱིས་ཁེངས་པ།    བྲོ་བས་དབུལ་ཞིང་བརྩེ་བས་དབེན་པའི་འདམ་རྫབ་ཏུ་ལྷུང་བའི་དེང་གི་མི་རྣམས་ལ་སྙན་ངག་གི་བློ་སྦྱོང་དང་།    འཚོ་བའི་བློ་གྲོས།    བརྩེ་བའི་གཤོག་པ་ཞིག་བསྩལ་ཏེ་བྱིས་པ་ནང་བཞིན་འཇིག་རྟེན་འདི་ལས་ངོ་མཚར་བའི་སྙིང་པོ་ཞིག་དང་སྨྲ་བསམ་བརྗོད་འདས་ཀྱི་ཤེས་རབ་ཅིག་ཨེ་རྙེད་ལ་ཕུལ་བ་ཡིན་པར་ངེས་སོ།   །དེའི་ཕྱིར་བྱིས་པའི་དུས་ཆེན་གྱི་ཉིན་མོ་འདིར་ཁོ་བོས《བྱིས་པ་རྣམས་ལ་ཕུལ་བའི་སྙན་ངག》ཅེས་པའི་དེབ་འདི་རང་རེའི་སྒང་བ་བོད་ཀྱི་བྱིས་པ་ཡིན་དང་མ་ཡིན་པའི་ཀློག་མཁན་ཀུན་ལ་མཚམས་སྦྱར་བ་ལགས་ཤིང་།     དེབ་འདིར་འཁོད་པའི་སྙན་ངག་ཡག་པོ་དག་ཀྱང་མི་རིང་བར་བོད་ཡིག་ཡིད་དུ་འོང་ཞིང་བློ་ལ་འགྲོ་བ་ཞིག་གི་ལམ་ནས་ཁྱེད་ཅག་གི་སྙན་ལམ་དུ་ཡོང་བའི་སྨོན་འདུན་ཡང་ཞུའོ། ། (རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག