ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

《ཨོག་སི་ཧྥོར་དྷིའི་ཤེས་བྱའི་ལམ་སྟོན་ལས་བྱིས་པའི་རྩོམ་རིག》ཅེས་པ།

2015-06-01 གཞོན་ནུ་ཟླ་བ།
   《ཨོག་སི་ཧྥོར་དྷིའི་ཤེས་བྱའི་ལམ་སྟོན》ཏེ་ཨིན་ཇིའི་སྐད་དོད་དུ The Oxford Companion to ཞེས་འབོད་པའི་དེབ་ཀྱི་ཕྲེང་བ་ནི་ཨོག་སི་ཧྥོར་དྷིའི་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པ་ལགས་ཤིང་།   མཚན་ཉིད་རིག་པ་དང་།   དབྱིན་ཇིའི་རྩོམ་རིག   རྒུན་ཆང་།   རོལ་དབྱངས།   བཟའ་བཏུང་ལ་སོགས་པ་ཤེས་བྱའི་ཡན་ལག་ཤིན་ཏུ་མང་པོས་གྲུབ་ཡོད།    ཉེ་ཆར་དཔེ་སྐྲུན་ཁང་དེ་ག་ནས《ཨོག་སི་ཧྥོར་དྷིའི་ཤེས་བྱའི་ལམ་སྟོན་ལས་བྱིས་པའི་རྩོམ་རིག》ཅེས་པའི་པར་གཞི་གསར་པ་བསྐྲུན་ཅིང་།  《སྲུང་བ་པོ》(The Guardian)གསར་ཤོག་གི་སྟེང་དུ་ལུ་སེ་མན་གན(Lucy Mangan)ལགས་ཀྱིས་སྔོན་འགྲོ་ཞིག་སྤེལ་གནང་ནས།   པར་གཞི་གསར་རྙིང་གཉིས་བར་གྱི་ཁྱད་པར་དང་།    བྱིས་རྩོམ་གང་དང་གང་དེབ་དེ་རུ་བཏུས་ཡོད་མེད་ངོ་སྤྲད་ཡོད་པས།    འདིར་སྔོན་འགྲོ་དེ་བསྡུས་ནས་བོད་ཡིག་ཏུ་བསྒྱུར་ཡོད།

2015ལོའི་ཨོག་སི་ཧྥོར་དྷིའི་ཤེས་བྱའི་ལམ་སྟོན་ལས་བྱིས་པའི་རྩོམ་རིག་ཅེས་པའི་དེབ་ཀྱི་པར་གཞི་གསར་པ།

1984ལོའི་པར་གཞི་རྙིང་པ།
   བྱིས་པའི་རྩོམ་རིག་སྐོར་གྱི་དེབ་རེ་ལ་མཇལ་ཐེངས་རེ་རེར།   བདག་གིས་ཐོག་མར་ང་རང་ཆེས་དགའ་སའི་རྩོམ་པ་པོ་ཨན་ཐོན་ཉི་ཨ་ཧྥོ་རེ་སི་ཐི(Antonia Forest)ལགས་དེབ་དེའི་ནང་ཚུད་ཡོད་མེད་བལྟས་པ་ཡིན།   བུ་མོ་དག་ལ་སློབ་རྭའི་ནང་གི་གཏམ་རྒྱུད་འབྲི་བའི་ཁྲོད་དུ་མོ་ནི་ཆེས་མཆོག་ཏུ་གྱུར་པ་དང་བློ་གྲོས་ལྡན་པ་ཞིག་ལགས་མོད་དོ་སྣང་གནང་མཁན་མང་པོ་བྱུང་མེད།   གལ་ཏེ་མོ་དེབ་དེའི་ནང་དུ་གླེང་ཡོད་པ་མཐོང་ཚེ།   ངས་དེབ་བསྒྲིགས་མཁན་དེའི་ཤེས་བྱ་དང་འཇོན་ཐང་།    ལེགས་ཉེས་ཀྱིས་བླང་དོར་འབྱེད་པའི་ཡོན་ཏན་ལ་ཡི་རངས་བཞིན་དེབ་དེ་མགོ་ནས་མཇུག་བར་དུ་ཀློག་ངེས་ཡིན།
   བྱིས་པའི་དེབ་དང་བྱིས་པའི་རྩོམ་རིག་ལོ་རྒྱུས་སོགས་ཀྱི་སྐོར་ལ་ལམ་སྟོན་རིགས་ཀྱི་དེབ་བསྒྲིགས་མཁན་དག་ནི་ཀློག་པ་པོ་རང་ག་བ་དག་ལས་ཀྱང་ཕྱོགས་སུ་ལྷུང་བ་དང་ཆགས་སྡང་གསལ་པས་ན།   ལས་ཀ་དེ་ལ་ཚེགས་ཤིན་ཏུ་ཆེ་བ་སྨྲས་མ་དགོས།   རྒྱུ་མཚན་འདི་ཁོ་ནའི་ཕྱིར་དུའང་།    ཏན་ནེལ་ཧ་ཨན(Daniel Hahn)ལགས་ཀྱིས་སྤོབས་པ་ཆེན་པོས་ཧུམ་ཧྥུ་རེ་ཁར་ཕེན་ཐེར(Humphrey Carpenter)དང་མ་རི་ཕུ་རི་ཆར་དྷི(Mari Prichard)ཁྱོ་ཤུག་གཉིས་ཀྱིས1984ལོར་པར་དུ་བསྐྲུན་པའི་དེབ་གྲགས་ཅན《ཨོག་སི་ཧྥོར་དྷིའི་ཤེས་བྱའི་ལམ་སྟོན་ལས་བྱིས་པའི་རྩོམ་རིག》(The Oxford Companion to Children’s Literature)ཅེས་པ་གསར་དུ་བྲིས་པར་ཡི་རངས་བྱ་བར་རིགས།    དོན་ལ་བྱིས་པའི་སློབ་གསོ་དང་སྐད་ཡིག    རྩོམ་རིག་གི་ལས་ཀ་གཉེར་བའི་ཨེ་ཨོ་ན་དང་ཕེ་ཐེར(Iona and Peter)ཁྱོ་ཤུག་གཉིས་ལ་ལོ་ངོ25ཡི་སྔོན་ནས་བཟུང་བློ་འདི་འདྲ་ཞིག་སྐྱེ་མྱོང་ཡོད་ནའང་།  1980ལོའི་རྗེས་ནས་ད་གཟོད་བྱིས་རྩོམ་པར་དུ་རྒྱག་པ་དང་།   དཔྱད་པ་གཏོང་བ།    ཚོང་རྭ་ཆགས་པ་སོགས་སྤྱི་ཁོག་ཧྲིལ་པོ་ཞིག་སྤྱི་ཚོགས་ཡོངས་ལ་དངོས་སུ་ཆགས་མགོ་ཚུགས།
   འདས་པའི་ལོ་ངོ30ལྷག་གི་རིང་བྱིས་པའི་རྩོམ་རིག་ལ་བསྐྱར་དུ་འགྱུར་བ་བྱུང་བས།   ཧ་ཨན་ལགས་ཀྱིས་དེབ་དེ་རུ་རྩོམ་རིག་དང་མུ་འབྲེལ་རི་མོ།   ན་ཆུང་རྩོམ་རིག    འགྱུར་རྩོམ་སོགས་ཁྱབ་ཁོངས་ཀྱི་བརྡ་ཆད་གསར་པ900ལྷག་བསྣན་ཡོད།   དཔེར་ན་སི་ཐེ་ཧྥེན་ཉི་མེ་ཡེར(Stephenie Meyer)གྱི་དེབ་དྲང་ལྡོག་གཉིས་ཀའི་མིང་ཆེ་བའི《སྐྱ་མདའ》(Twilight)ཡི་དེབ་ཕྲེང་དང་།   རྩོད་གཞི་ཅན་གྱིJ. K. རོ་ལིན(J. K. Rowling)གྱི་དེབ《ཧར་རེ་ཕོ་ཐེར》(Harry Potter)གྱི་ཕྲེང་བ་ལ་སོགས་པ་ལྟ་བུ་དང་།    རྩོམ་པ་པོ་འཇོན་ཐང་ཅན་ནེལ་གེལ་མན(Neil Gailman)དང་།   མེག་རོ་སོབ(Meg Rosoff)།   ཕ་ཐྲིག་ནེ་སི(Patrick Ness)།   ཧྥི་ལི་ཕི་ཕུལ་མན(Philip Pullman)།   མལ་ཕེ་ཐི(Mal Peet)།   ཆར་ལི་ཧིག་སོན(Charlie Higson)ལ་སོགས་པ་དང་།   དེ་དག་ལས་ཀྱང་གཞོན་པའི་རྩོམ་པ་པོ་ཅེ་ཁེ་ལེན་ཝིལ་སོན(Jacqueline Wilson)དང་།    ཅེ་རེ་མེ་སི་ཐྲོང(Jeremy Strong)ལ་སོགས་ལྟ་བུ་དང་།    རི་མོའི་དེབ་ཀྱི་རྩོམ་པ་པོ་ཨན་སོན་ཉི་པུ་རོང(Anthony Browne)དང་།  ལོ་རེན་ཆལ་དྷི(Lauren Child)ལ་སོགས་པ་དག་ཀྱང་ངོ་སྤྲད་ཅིང་གདེང་འཇོག་གནང་ཡོད།   1984ལོའི་པར་མ་རུ་ཐོ་ཉི་རོ་སི(Tony Ross)ཡི་ངོ་སྤྲོད་དུ་ཐིག་ཕྲེང་གཉིས་དང་དེབ་གཉིས་ལས་མེད་ནའང་།  དེབ་གསར་པ་འདི་རུ་ཁོས་བརྩམས་པའི་དེབ800ལྷག་ལས་མཚོན་བྱེད་དུ་རུང་བའི་རྩོམ་དག་བཀོད་ཡོད།
   བརྡ་འགྲེལ་རྙིང་པ་ཁག་ཅིག་ལ་བསྒྲིགས་པ་པོ་རང་གི་དགའ་ཁ་འཁྱེར་ཕྱོགས་ནང་བཞིན་སྣོན་འཕྲིའང་མཛད་ཡོད་པར་མ་ཟད།  ལམ་སྟོན་གྱི་དེབ་ཅིག་ལ་ཆ་བཞག་ནའང་།   གནས་ཚུལ་མང་པོ་བླང་དོར་གྱི་གདམ་ག་མེད་པར་ཅི་འདོད་དུ་ལེན་ཐུབ་པའི་དུས་འདིར།   ལེགས་ཉེས་ཀྱི་བློ་ཡིས་ཡང་དག་པར་དཔྱད་པ་ནི་ཤིན་ཏུ་མཁོ་བས།   ཁོས་ཀྱང་གང་ལ་གང་ཐུབ་ཀྱིས་དཔྱད་པ་བཏང་ཡོད་ནའང་ཉམས་ཐོན་པ་ཞིག་མ་ཡིན་པར་འདུག   དཔེར་ན་ཁོས《སྐྱ་མདའ》དེབ་ཕྲེང་གླེང་སྐབས།   “སྤྱིར་དེབ་དེ་བྲོ་བས་དབུལ་ཅིང་།   ཕལ་པར་ཕྱོགས་པ་ཞིག་ཏུ་མཐོང་ནའང་།   དེ་ཀློག་མཁན་གྱི་གྲངས་ཤིན་ཏུ་མང་པོ་ཞིག་མཆིས་ལ།  ད་བར་དུ་དེབ་གྲངས་དུང་ཕྱུར་གཅིག་ལྷག་འཚོང་ཐུབ་སོང་བར་གཞིགས་ན།  མེ་ཡེར་གྱི་ཀློག་མཁན་དག་གིས་དེ་ལ་དོ་སྣང་བྱེད་ཀྱི་མེད་པ་ཤེས་ཐུབ”ཅེས་བྲིས་ཡོད་པ་ལྟ་བུའོ། །
   གལ་ཏེ་དེབ་འདིར་ཞན་ཆ་ཅི་ཞིག་ཡོད་འཆད་པར་འཚལ་ན།   དེ་ནི1984ལོའི་པར་མའི”ཨ་མེ་རི་ཁ”དང”ཨིན་ཇི”ཞེས་པའི་བརྡ་ཆད།   རྒྱལ་ཁབ་གང་དེ་གཉིས་ཀྱི་བྱིས་པའི་རྩོམ་རིག་གི་བྱུང་འཕེལ་གླེང་བ་གང་དེ་གཉིས་ཕྲི་ཡོད་པ་དེའོ།  །བརྡ་འགྲེལ་དེ་གཉིས་ཀྱིས་བྱིས་པའི་རྩོམ་རིག་ལ་འཇུག་པའི་ལས་དང་པོ་བ་དག་ལ་ནང་དོན་ཆ་ཚང་ཞིང་རྒྱས་པ་ཞིག་སྟོན་ཐུབ་པས།   དེ་ཡོད་ཚེ་དེབ་འདི་ཁོ་ན་ལ་བརྟེན་པས་ཀྱང་ལམ་སྟོན་གྱི་སྒྲོན་མེ་གསལ་ལམ་མེ་བ་ཞིག་ཏུ་འབྱུང་ཐུབ་པ་དང་།   དེ་ཕྲི་བས་ནི་བཤད་ཁག་པོར་གྱུར་ཡོད།   དེབ་དེ་རུ་བདག་གི་སེམས་པ་འཆོར་སའི་རྩོམ་པ་པོ་ཧྥོ་རི་སི་ཐི་དང་མོའི་བརྩམས་སྒྲུང་ལ“རང་བཞིན་དུ་གྲུབ་པའི་བརྗོད་པ་དང་ཁ་བརྡ་ལྷོད་ལ་ཀུ་རེ་འདྲེས་པས་ཁྱད་དུ་འཕགས”ཞེས་ཚིག་རྐང་དྲུག་ཙམ་གྱིས་འཐུས་པར་བྱས་ཡོད།   གང་ལྟར་ཀྱང་ལས་དང་པོ་བ་ཡིན་མིན་སུ་ལ་མཚོན་ནའང་དེབ་འདི་ནི་སེམས་ཞིབ་མོས་བྲིས་ཤིང་མེད་དུ་མི་རུང་བའི“ཨོག་སི་ཧྥོར་དྷིའི་ཤེས་བྱའི་ལམ་སྟོན”གྱི་དེབ་ཅིག་ཡིན་པ་བསྙོན་དུ་མེད།   དེབ་འདི་བཀླག་པས་ཁྱེད་ཅག་ལ་ཤེས་བྱའི་ནམ་མཁའ་དང་ཐང་ཆེན་གཉིས་ཀ་དུས་གཅིག་ཏུ་བསྟན་ཏེ།   དེབ་གཅིག་འབའ་ཞིག་ཏུ་ཤེས་བྱའི་གནས་འདི་འདྲ་ཕོན་ཆེན་པོ་ཞིག་ཤོང་ཐུབ་པ་ལའང་ཞེས་ཁྱེད་ཅག་ཡ་མཚར་བར་བྱེད་པའང་ཐེ་ཚོམ་དང་བྲལ་ལོ། །
 
དེབ་འདིར་དྲངས་པའི་དེབ་མིང་དང་རྩོམ་མིང་ཁག་ཅིག

༡ ལིའུ་སི་ཁར་རོལ(Lewis Carroll)གྱིས་བརྩམས་པའི།  《ཨེ་ལི་སེས་སྒྱུ་མའི་འཇིག་རྟེན་མྱུལ་བའི་སྒྲུང》(Alice’s Adventure in Wonderland)དང་།  《མེ་ལོང་གི་ཞིང་ཁམས་བརྒྱུད་པའི་སྒྲུང》(Through the Looking-Glass)།   《ཆུ་སྲིན་བརྔོན་པའི་སྒྲུང》(The Huting of the Snark)།
༢ ལུ་སེ་མད་མོན་ཐེ་གོ་མེ་རེ(Lucy Maud Montgomery)ཡིས་བརྩམས་པའི།  《རི་གྱང་ལྗང་ཁུ་ཡི་ཨན་ནེ》(Anne of Green Gables)།
༣ 《ཞག་མ་སྟོང་དང་གཅིག》(The Thousand and One Nights)།  འདིའི་ནང་གི་སྒྲུང་གཙོ་བོར《ཨ་ལ་ཏིན》(Aladdin)དང་།  《ཨ་ལི་པ་པ་དང་རྐུན་མ་བཞི་བཅུའི་སྒྲུང》(AliBaba and the Forty Thieves)ལ་སོགས་མཆིས།
༤ མར་ཁེ་ཐུ་ཝིན(Mark Twain)གྱིས་བརྩམས་པའི།   《ཧོག་ལེ་པེ་རེ་ཧྥིན་གྱིས་རྒྱལ་ཁམས་འགྲིམ་པའི་སྒྲུང》(The Adventure of Huckleberry Finn)དང་།   《ཐོམ་སོ་ཡེར་གྱིས་རྒྱལ་ཁམས་འགྲིམ་པའི་སྒྲུང》(The Adventure of Tom Sawyer)།
༥ 《ཨེ་སོབ་ཀྱི་སྒྲུང》(Aesop’s Fables)།
༦ ཐེ་རེ་ཕུ་རད་ཆེ་ཐི(Terry Pratchett)ཡིས་བརྩམས་པའི།  《ངོ་མཚར་བའི་སྐུ་ཞབས་མོ་རེ་སི་དང་ཁོའི་ཡོན་ཏན་སྦྱངས་པའི་ཙི་གུ》(The Amazing Maurice and His Educated Rodents)།
༧ ཧན་སི་ཁི་རི་སི་ཐིན་ཨན་ཏེར་སེན(Hans Christian Andersen)གྱིས་བརྩམས་པའི།  《ཨན་ཏེར་སེན་གྱི་བྱིས་སྒྲུང》(Andersen’s Tales)།  འདིའི་ནང་གི་གཏམ་རྒྱུད་གྲགས་ཆེ་བར《གོང་མའི་ན་བཟའ་གསར་པ》(The Emperor’s New Clothes)སོགས་མཆིས།
༨ ཨན་ན་སེ་ཝེལ(Anna Sewell)གྱིས་བརྩམས་པའི།   《མཛེས་མ་ནག་པོ》(Black Beauty)།
༩ མར་ཁུ་སི་ཟུ་སག(Markus Zusak)གིས་བརྩམས་པའི།  《དེབ་རྐུ་མཁན》(The Book Thief)།
༡༠ མ་རེ་ནོར་ཐོན(Mary Nortons)གྱིས་བརྩམས་པའི།   《སྐྱི་བ་པོ》(The Borrowers)།
༡༡ ཅོན་པོ་ཨེན(John Boyne)གྱིས་བརྩམས་པའི།   《དོར་མ་ཐིག་རིས་ནར་མོ་ཅན་གྱོན་པའི་བྱིས་པ》(The Boy in the Stripped)།
༡༢ པེད་སེ་པེར་སི(Betsy Byars)ཡིས་བརྩམས་པའི།   《ངང་པའི་དབྱར་ཁ》(The Summer of the Swans)།
༡༣ རོལ་དི་དྷལ(Roald Dahl)གྱིས་བརྩམས་པའི།   《ཆར་ལི་དང་ཆོག་ལེའི་བཟོ་གྲྭ》(Charlie and Chocolate Factory)།
༡༤ E. B. ཝེ་ཐི(E. B. White)ཡིས་བརྩམས་པའི།   《ཆར་ལོ་ཐེའི་དྲ་བ》(Charlotte’s Web)དང་།   《སི་ཐུ་ཨར་ཐི་ཆུང་ངུ》(Stuart Little)།
༡༥ ཆར་ལེ་ཕེ་རོལ(Charles Perrault)གྱིས་བརྩམས་པའི།   《ངང་པ་ཨ་མའི་སྒྲུང》(Contes de ma mere l’ Oye)།  《གཏམ་རྒྱུད་གྲགས་ཅན་ཨོག་ཚོམ་སྔོན་པོ》(Bluebeard)དང་།  《སིན་དེར་རེ་ལ》(Cinderella)།   《མཛེས་མ་དང་གཅན་གཟན》(Beauty and the Beast)།    《གདེངས་ཞྭ་དམར་ཆུང》(Little Red Riding-Hood)སོགས་མཆིས།
༡༦ R. M. པ་ལན་ཐེན(R. M. Ballantyne)གྱིས་བརྩམས་པའི།   《བྱུ་རུའི་གླིང》(The Coral Island)།
༡༧ རོ་པེར་ཐི་ཁོར་མིར(Robert Cormier)གྱིས་བརྩམས་པའི།  《ཆོག་ལེའི་གཡུལ་འགྱེད》(The Chocolate War)།
༡༨ C. S. ལིའུ་སི(C. S. Lewis)ཡིས་བརྩམས་པའི།   《ནར་ཉི་ཡའི་དེབ་ཐེར》(The Chronicles of Narnia)།
༡༩ ཅན་ཝེབ་སི་ཐེར(Jane Webster)གྱིས་བརྩམས་པའི།   《ཨ་ཕ་རྐང་རིང》(Dad-Long-Legs)།
༢༠ སུ་སན་ཁོ་ཕེར(Susan Cooper)གྱིས་བརྩམས་པའི།  《སྨག་ལངས་པ》(The Dark is Rising)།
༢༡ ཧུག་ལོབ་ཐིང(Hugh Lofting)གིས་བརྩམས་པའི།  《ཨེམ་རྗེ་ཏོ་ལི་ཐེལ་གྱི་གཏམ་རྒྱུད་ཕྲེང་བ》(Doctor Dolittle stories)།
༢༢ ཅེབ་ཁིན་ཉེ(Jeff Kinney)ཡིས་བརྩམས་པའི།   《བྱིས་པ་གཉོམ་ཆུང་ཞིག་གི་ཉིན་ཐོ》(Diary of a Wimpy Kid)།
༢༣ ཨན་ནེ་ཧྥུ་རན་ཁི(Anne Frank)ཡིས་བརྩམས་པའི།   《བུ་མོ་ཆུང་ཆུང་ཞིག་གི་ཉིན་ཐོ》(The Diary of a Young Girl)།
༢༤ ཁེ་ཐི་ཏི་ཁ་མི་ལོ(Kate Dicamillo)ཡིས་བརྩམས་པའི།   《ཝིན་ཏི་སི་ཡིས་མ་རབས་བྱས་པ》(Because of Winn-Dixie)།
༢༥ ཨེ་རི་ཆི་ཁེ་སི་ཐི་ནེར(Erich Kästner)གྱིས་བརྩམས་པའི།  《ཨེ་མིལ་དང་གྱོད་རྩད་གཅོད་མཁན》(Emil and the Detectives)།
༢༦ རོ་སེའུ(Rousseau)ཡིས་བརྩམས་པའི།   《ཨེ་མིལ》(Émile)།
༢༧ ཁོར་ནེ་ལི་ཡ་ཧྥོན་ཁེ(Cornelia Funke)ཡིས་བརྩམས་པའི།   《རྐུན་མའི་རྒྱལ་པོ》(Thief Lord)དང་།   《འབྲུག་ལ་བཅིབས་མཁན》(Dragon Rider)།
༢༨ ཨེ་ཏི་སི་ནེ་སི་པི་ཐི(Edith Nesbit)ཡིས་བརྩམས་པའི།   《བྱིས་པ་ལྔ་དང་དེ》(Five Children and It)དང་།   《ལྕགས་ལམ་སྟེང་གི་བྱིས་པ》(The Railway Children)།
༢༩ ཧྥུ་རན་སེ་སི་པུ་རོན(Frances Browne)གྱིས་བརྩམས་པའི།   《ཨ་ཕྱི་ཡི་སྒྱུ་མའི་རྐུབ་སྟེགས》(Granny’s Wonderful Chair)།
༣༠ ཅ་ཁོབ་ལུད་ཝིག་ཁ་རལ་དང་ཝིལ་ཧེམ་ཁ་རལ(Jacob Ludwig Carl and Wilhelm Carl)སྤུན་གཉིས་ཀྱིས་བསྒྲིགས་པའི།  《གྷི་རིམ་གྱི་བྱིས་སྒྲུང》(Grimm’s Fairy Tales)།   གཏམ་རྒྱུད་གྲགས་ཆེ་བ《སྦལ་བའི་རྒྱལ་སྲས》(The Frog Prince)དང་།   《གསེར་གྱི་ངང་པ》(The Golden Goose)སོགས་མཆིས།
༣༡ ཅོ་ན་སན་སི་ཝིབ་ཐི(Jonathan Swift)ཡིས་བརྩམས་པའི།  《གུ་ལི་ཝེར་གྱིས་རྒྱལ་ཁམས་འགྲིམ་པའི་སྒྲུང》(Gulliver’s Travels)།
༣༢ ཨོ་སི་ཁར་ཝལ་དྷེ(Oscar Wilde)ཡིས་བརྩམས་པའི།   《རྒྱལ་སྲས་སྐྱིད་པོ་དང་གཏམ་རྒྱུད་གཞན་དག》(The Happy Prince and other tales)།
༣༣ J. K. རོ་ལིན(J. K. Rowling)གྱིས་བརྩམས་པའི།   《ཧར་རེ་ཕོ་ཐེར་གྱི་སྒྲུང》(Harry Potter)།
༣༤ ཅོ་ཧན་ན་སི་ཕེ་རི(Johanna Spyri)ཡིས་བརྩམས་པའི།  《ཧེ་དི》(Heidi)།
༣༥ J. R. R. ཐོལ་ཁེན(J. R. R. Tolkien)གྱིས་བརྩམས་པའི།   《ཧོ་པི་ཐི་པ》(The Hobbit)དང་།   《སོར་གདུབ་རྒྱལ་པོ》(The Lord of the Rings)།
༣༦ ཐོ་མ་སི་ཧུག་སི(Thomas Hughes)ཡིས་བརྩམས་པའི།   《ཐོམ་པུ་རོང་གིས་སློབ་གྲྭ་འགྲིམ་དུས》(Tom Brown’s Schooldays)།
༣༧ པུ་རིན་སེལ་ཟི་ནིག(Brian Selznick)གིས་བརྩམས་པའི།   《ཧུ་གོ་ཁབ་རེ་ཐི་ཡིས་གསར་དུ་བྱེད་པའི་སྒྲུང》(The Invention of Hugo Cabret)།
༣༩ སི་ཁོ་ཐི་ཨོ་ཏེལ(Scott O’ Dell)གྱིས་བརྩམས་པའི།  《ཏོལ་ཕིན་སྔོན་པོའི་གླིང་ཕྲན》(Island of the Blue Dolphins)དང་།   《ཅེ་ཁེ་དང་སྲན་མའི་གཞུང་རྟ》(Jack and the Beanstalk)།
༤༠ རུད་ཡར་དི་ཁི་ཕུ་ལིན(Rudyard Kipling)གྱིས་བརྩམས་པའི།  《ནགས་ཀྱི་དེབ་ཐེར》(The Jungle Books)དང་།   《ཀིམ》(Kim)།
༤༡ R. L. སི་ཐེ་ཝེན་སོན(R. L. Stevenson)གྱིས་བརྩམས་པའི།   《མི་རྐུན་རྒྱག་པ》(Kidnapped)།
༤༢ ཅོན་རུ་སི་ཀིན(John Ruskin)གྱིས་བརྩམས་པའི།  《གསེར་ཆུའི་རྒྱལ་པོ》(The King of the Golden River)།
༤༣ ཆར་ལེ་སི་ཁིན་སི་ལེ(Charles Kingsley)ཡིས་བརྩམས་པའི།   《ཆུ་ཡི་ཁྱེའུ》(The Water-Babies)།
༤༤ H. ར་ཡེ་དིར་ཧཱ་གར་དྷི(H. Rider Haggard)ཡིས་བརྩམས་པའི།  《རྒྱལ་པོ་སོ་ལོ་མོན་གྱི་རིན་པོ་ཆེའི་གཏེར་མཛོད》(King Solomon’s Mines)།
༤༥ ཁཱ་ལེད་ཧོ་སེ་ཉི(Khaled Hosseini)ཡིས་བརྩམས་པའི།  《ཤོག་བྱ་བདའ་མཁན》(The Kite Runner)།
༤༦ ཨེད་ཝར་དྷི་ལིར(Edward Lear)གྱིས་བརྩམས་པའི།   《སྙིང་པོ་བྲལ་པའི་གླེགས་བམ》(A Book of Nonsense)།
༤༧ ཅམ་སི་ཧྥེ་ཉི་མོར་ཁོ་ཕེར(James Fenimore Cooper)གྱིས་བརྩམས་པའི།  《ཀོ་བའི་རྐང་འབོལ་གྱི་སྒྲུང》(Leather-Stocking Tales)།
༤༨ M. H. གིལ་ལོ(M. H. Gillo)ཡིས་བརྩམས་པའི།  《རེ་ནར་ཐི་ཡི་སྒྲུང》(Le Roman de Renart)།
༤༩ ཡན་མར་ཐེལ(Yann Martel)གྱིས་བརྩམས་པའི།  《ཕེ་ཡི་མི་ཚེ》(Life of Pi)།
༥༠ ལོ་ཨི་ས་མེ་ཨལ་ཁོ་ཐི(Louisa May Alcott)ཡིས་བརྩམས་པའི།  《སྐྱེས་མ་ཆུང་ཆུང》(Little Woman)དང་།  《སྐྱེས་པ་ཆུང་ཆུང》(Little Men)།
༥༡ ཨན་ཐོ་ནེ་དེ་སིན་ཐི་ཨེག་སུ་ཕེ་རེ(Antoine de Saint-Exupéry)ཡིས་བརྩམས་པའི།   《རྒྱལ་སྲས་ཆུང་ཆུང》(The Little Prince)།
༥༢ མར་ག་རེ་ཐི་མ་ཧེ(Margaret Mahy)ཡིས་བརྩམས་པའི།   《སྒྱུ་མའི་སྤྲུལ་སྒྱུར་ཤེས་པའི་ཁྱིམ་ཚང》(The Haunting)དང་།  《གཟུགས་བསྒྱུར་བའི་སྒྲུང》(The Changeover)།
༥༣ ཐོ་མ་སི་མ་ལོ་རེ(Sir Thomas Malory)ཡིས་བརྩམས་པའི།   《རྒྱལ་པོ་ཨར་སུར》(King Arthur)།
༥༤ མ་རེ་ཕོ་ཕེ་ཨོ་སི་པོན(Mary Pope Osborne)གྱིས་བརྩམས་པའི།  《སྒྱུ་མའི་ཤིང་ཁང》(Magic Tree House)།
༥༥ ཁེ་ཐི་ཏི་ཁ་མི་ལོ(Kate DiCamilo)ཡིས་བརྩམས་པའི།  《ཨེད་ཝར་དི་ཐུ་ལན་གྱིས་ངོ་མཚར་བའི་འགྲུལ་བཞུད》(The Miraculous Journey of Edward Tulane)།
༥༦ ལོ་ཨི་སི་ལོ་རེ(Lois Lory)ཡིས་བརྩམས་པའི།  《སྐར་མ་བགྲང་བ》(Number the Stars)།
༥༧ ཕོ་ལོ་ཁོ་ཨེ་ལོ(Paulo Coelho)ཡིས་བརྩམས་པའི།  《ལུག་རྫི་གཞོན་ནུའི་སྒྲུང》(O Alquimista)།
༥༨ ཆར་ལེ་སི་ཏི་ཀེན་སི(Chales Dickens)ཡིས་བརྩམས་པའི།  《ཨོ་ལི་ཝེར་ཐིབ་སི་ཐི》(Oliver Twist)།
༥༩ རི་ཁེ་རི་ཨོར་ཏན(Rick Riordan)གྱིས་བརྩམས་པའི།  《ཕེར་སེ་ཅག་སོན》(Percy Jackson)།
༦༠ J. M. པར་རི(J. M. Barrie)ཡིས་བརྩམས་པའི།   《ཕེ་ཐེར་ཕན》(Peter Pan)།
༦༡ ཁར་ལོ་ཁོ་ལོ་ཏི(Carlo Collodi)ཡིས་བརྩམས་པའི།   《ཨ་ལད་པད་ཀོ་ཞིག་གི་ངོ་མཚར་བའི་སྒྲུང》(Pinocchio The Tale of a Puppet)།
༦༣ ཨ་སི་ཐྲིད་ལིན་གི་རེན(Astrid Lindgren)གྱིས་བརྩམས་པའི།  《རྐང་འབོལ་རིང་མོ་ཕི་ཕི་ཡི་སྒྲུང》(Pippi Longstocking)།
༦༤ སི་ཐེ་ཧྥེན་ཁི་རེན(Stephen Crane)གྱིས་བརྩམས་པའི།   《དཔའ་སྤོབས་ཀྱི་དཔུང་རྟགས་དམར་པོ》(The Red Badge of Courage)།
༦༥ ཏན་ཉིལ་ཏེ་ཧྥོ(Daniel Defoe)ཡིས་བརྩམས་པའི།  《རོ་པིན་སོན་ཁི་རུ་སོའི་སྒྲུང》(Robinson Crusoe)།
༦༦ ཕོལ་ཁི་རེ་སི་ཝིག(Paul Creswick)གིས་བརྩམས་པའི།  《རོ་པིན་ཧོད》(Robbin Hood)།
༦༧ ཧྥུ་སན་སེ་སི་ཧོད་སོན་པུར་ནེ་ཐི(Frances Hodgson Burnett)ཡིས་བརྩམས་པའི། 《གསང་བའི་སྐྱེད་ཚལ》(The Secret Garden)།
༦༨ གོ་ཐེ(Goethe)ཡིས་བརྩམས་པའི།  《གཞོན་ནུ་ཝེར་ཐེར་གྱི་སྡུག་བསྔལ》(The Sorrows of Young Werther)།
༦༩ པི་ཐྲིག་སི་ཕོ་ཐེར(Beatrix Potter)གྱིས་བརྩམས་པའི།   《རི་བོང་ཕེ་ཐེར་གྱི་སྒྲུང》(The Tale of Peter Rabbit)།
༧༠ རོ་པེར་ཐི་ལོ་ཨི་སི་སི་ཐེ་ཝེན་སོན(Robert Louis Stevenson)གྱིས་བརྩམས་པའི།  《རིན་ཆེན་གླིང》(Treasure Island)།
༧༡ སི་ཐེ་ཧྥེན་ཉི་མེ་ཡེར(Stephenie Meyer)གྱིས་བརྩམས་པའི།  《སྐྱ་མདའ》(Twilight)།
༧༢ ཧར་རིད་པི་ཆེར་སི་ཐོ(Harriet Beecher Stowe)ཡིས་བརྩམས་པའི།  《ཁུ་བོ་རོམ་གྱི་ཤིང་ཁང་ཆུང་ཆུང》(Uncle Rom’s Cabin)།
༧༣ རུ་ལེ་གབ་རིལ་ཝེར་ནེ(Jules Gabriel Verne)ཡིས་བརྩམས་པའི།  《སྤྱི་ལེ་ཉིས་ཁྲིས་ཆོད་པའི་མཚོ་ཞབས》(Vingt Mille Lieues Sous Les Mers)།
༧༤ ཁེན་ནེ་སི་གི་ར་ཨམ(Kenneth Grahame)གྱིས་བརྩམས་པའི།  《ལྕང་མའི་ཚལ་གྱི་བསིལ་རླུང》(The Wind in the Willows)།
༧༥ སེལ་མ་ལ་གེར་ལོབ(Selma Lagerlöf)ཀྱིས་བརྩམས་པའི།  《ནིལ་གྱིས་སྒྱུ་མའི་འཇིག་རྟེན་མྱུལ་བའི་སྒྲུང》(The Wonderful Adventure of Nils)།
༧༦ ལེ་མན་ཧྥུ་རན་ཁི་པ་ཨུམ(Lyman Frank Baum)གྱིས་བརྩམས་པའི།  《ཨོ་ཟི་ཡུལ་གྱི་རྨད་དུ་བྱུང་བའི་ངན་སྔགས་མཁན》(The Wonderful Wizard of Oz)།
འབྲེལ་ཡོད་རྩོམ་ཡིག